༉ ལོ་༡ དེ་ཅིག་གི་རིང་ མཚམས་འཇོག་འབད་བཞག་མི་ དཔག་བསམ་ཁ་ བ་ལུ་ཇོ་ར་གཙང་ཆུའི་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ ལོག་བཙུགས་ཡོདཔ་ད་ ལཱ་དེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ སྤྲོད་ཡོདཔ་ཨིན་པས།
རིང་ཚད་མི་ཊར་༡༢༢ འབད་མི་ བ་ལུ་ཇོ་ར་གཙང་ཆུའི་ ཟམ་བཟོ་སྐྲུན་གྱི་ལས་འགུལ་དེ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་དཔལ་འབྱོར་མཐུན་འབྲེལ་གྱི་ ལས་འགུལ་ཆ་ཤས་ཅིག་ཨིན་པས།
དཔག་བསམ་ཁའི་ལམ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་མི་ལས་འགུལ་ བ་ལུ་ཇོ་ར་གཙང་ཆུའི་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༡༥ འི་ཟླཝ་༩ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༨ པའི་ནང་ མཇུག་བསྡུ་ནིའི་ ལས་འཆར་བཟོ་ཡོདཔ་ཨིན་པས།
བཟོ་སྐྲུན་གྱི་ལཱ་ཚུ་ཡང་ སྒེར་གྱི་བཟོ་སྐྲུན་ལས་སྡེ་དང་ རྒྱལ་སྤྱིའི་ལས་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ཨིནམ་ད་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་དཔལ་འབྱོར་མཐུན་འབྲེལ་གྱི་ ལས་འགུལ་ཆ་ཤས་ག་ར་ལུ་ དངུལ་ཀྲམ་ས་ཡ་༢༩༤.༡༤ བྱིན་ཡོད་རུང་ མཉམ་འབྲེལ་ལས་འགུལ་དེ་གིས་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ ཧེ་མའི་ཁག་འབགཔ་དེ་ དགོངས་ཕོག་བཏང་ཡོདཔ་ཨིན་པས།
ཟམ་བཟོ་སྐྲུན་གྱི་ལཱ་དེ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༧༧.༢ སྦེ་ སྤྲོད་ཡོདཔ་ད་ ལས་འགུལ་འཛིན་སྐྱོང་པ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ ལཱ་དེ་ཧེ་མར་ ག་ཏེ་མཚམས་འཇོག་འབད་ཡོདཔ་ན་ དེ་ཁར་ལས་ རྩིས་ལེན་ཡི་ཟེར་ཨིནམ་ད་ ད་ལྟོ་ སྡོད་སའི་སྒར་དང་ ལཱ་གཞན་མི་ཚུ་ གྲ་སྒྲིག་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མའི་ཁག་འབགཔ་གིས་ ཟམ་གྱི་གཞི་རྟེན་རྩིགཔ་ བཟོ་སྐྲུན་གྱི་ལཱ་ཚུ་ ཕྱེད་ཚར་ཡོདཔ་ད་ ད་རེས་ ལས་འཛིན་གྱིས་ ས་བཅད་ནི་དང་འབྲེལ་བའི་ལཱ་ཚུ་ འབད་དོ་ཟེར་ཨིནམ་ད་ ཟམ་དེ་ སྤྱི་ལོ་༢༠༡༩ གི་ ཟླཝ་༣ པ་དེ་ཅིག་ཁར་ མཇུག་བསྡུ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
འབྲུག་བཟོ་གྲྭ་མཐུན་ཚོགས་ཀྱི་ ལས་རིམ་འགོ་དཔོན་ པདྨ་རྣམ་རྒྱལ་ག་ལེ་གིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་གྱི་ལཱ་ ལོག་འགོ་བཙུགས་མི་དེ་ དཔག་བསམ་ཁའི་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་དོན་ལུ་ ལེགས་ཤོམ་ཨིནམ་ལས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་དཔལ་འབྱོར་མཐུན་འབྲེལ་གྱིས་ཡང་ དུས་ཚོད་ཁར་ མཇུག་བསྡུ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩི་སའི་ཟམ་དེ་ དུས་ཅི་ གནམ་བྱཱར་གྱི་དུས་ཚོད་ལུ་ གྲ་སྒྲིག་འགྱོ་མི་ཚུགས་ཟེར་ཨིནམ་ད་ སྤྱི་ཟླ་༣ པའི་ཚེས་༦ ལུ་ མཐུན་ཚོགས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་ཐོག་ལས་ གནད་དོན་དེ་གུ་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཐུན་ཚོགས་ཀྱིས་ ཚོགས་ཆུང་ཅིག་ཡང་ གཞི་བཙུགས་འབད་འོང་ཟེར་ཨིནམ་ད་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་འབད་ཐོག་ལས་ གནམ་བྱཱར་གྱི་ དཀའ་ངལ་སེལ་ཐབས་ འབད་འོང་ཟེར་ཨིན་པས།
ལྷོ་ཨེ་ཤི་ཡ་ལུང་ཕྱོགས་དཔལ་འབྱོར་མཐུན་འབྲེལ་གྱི་ ལས་འགུལ་ཆ་ཤས་ བ་ཝན་ནི་ཇོ་ར་ལུ་ ད་བི་ཨོན་བཟོ་བཀོད་དེ་ཡང་ འབྲུག་སྐྱབས་ཆཔ་སྒེར་གྱི་ བཟོ་སྐྲུན་ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༡༣༢.༡ སྦེ་ སྤྲོད་ཡོདཔ་བཞིན་དུ་ ལཱ་དེ་ ཟླཝ་༡༥ འི་ནང་ མཇུག་བསྡུ་དགོཔ་ཨིན་པས།
མཐུན་འབྲེལ་གྱི་ ལས་འགུལ་ཆ་ཤས་གཞན་ ཟུར་ལམ་བཟོ་སྐྲུན་གྱི་ ལཱ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ བྱིན་ཡོདཔ་ད་ ཇའི་སྒང་ མང་ལ་བ་རེའི་ ཉེ་འདབས་ལུ་ཡོད་མི་ བི་བ་རེའི་ཟུར་ལམ་དེ་གིས་ བ་ཝན་ནི་ཇོ་རའི་ལམ་ལུ་ མཐུད་སྦྲེལ་འབད་ནི་ཨིན་པས།
དེ་འབདཝ་ལས་ ཇའི་སྒང་དང་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཐོགས་ལུས་པའི་ དཀའ་ངལ་མར་ཕབ་འབད་ཐབས་ལུ་ དཔག་བསམ་ཁ་ལུ་འགྱོ་མི་ སྣུམ་འཁོར་ཊཱག་ཚུ་གིས་ ཇའི་སྒང་དང་ ཕུན་ཚོགས་གླིང་བརྒྱུད་དེ་ འགྱོ་མི་དགོ་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།