༉ བསམ་གྲུབ་ལྗོངས་མཁར་དང་ བཀྲ་ཤིས་སྒང་གི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ ཨོ་རོང་ལུ་ལྷོདཔ་ད་ གཞུང་ལམ་ཁར་ བ་མེན་ཚུ་ རྩྭ་ཁར་བཏང་ཡོད་སར་མཐོང་མི་དེ་ ཉེ་འདབས་ལུ་ཡོད་པའི་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ བ་མེན་གསོ་སྐྱོང་ཁང་གི་ཨིན་པས།
དེ་སྦེ་ ཚལ་མ་ནང་ བཏང་བཞག་མི་དེ་ཡང་ བ་མེན་ཚུ་ རི་དྭགས་སེམས་ཅན་གྱི་ རིགས་ཅིག་འབདཝ་ལས་ འཕྲལ་འཕྲལ་ གསོ་སྐྱོང་ས་ཁོངས་ནང་དང་ མང་ཤོས་ར་ ལྷན་ཐབས་ཀྱི་ལྟོ་བྱིན་ཐོག་ལས་ ཚལ་མ་ནང་ལས་ཕར་ བཏང་བཞག་དོ་ཡོདཔ་ཨིན་པས།
ཨིན་རུང་ བོའུ་ཅུང་ཚུ་ ཁྱིམ་ནང་ ཐགཔ་བཏགས་ཏེ་ བཞག་དོ་ཡོད་མི་དེ་ཡང་ བ་མེན་ཚུ་ རི་དྭགས་སེམས་ཅན་གྱི་ རྩྭ་ཡོད་ནི་དེ་གིས་ ནགས་ཚལ་ནང་ ཟླཝ་ལས་བཅད་དེ་སྡོད་རུང་ དགའ་མི་ཅིག་འབདཝ་ལས་ རང་གི་ཕྱུག་གུ་ལྟ་སྟེ་ ལོག་ཕྱི་རུ་ཁྱིམ་ནང་ རང་སོའི་བོའུ་ཅུང་འབད་སར་ འོང་ནིའི་དོན་ལུ་ཨིན་ཟེར་ གསོ་སྐྱོང་ལྟེ་བའི་འཛིན་སྐྱོང་པ་ ཆོས་སྐུ་གིས་ བཤདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་ཁ་ལས་ བཀྲ་ཤིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༣༡ དེ་ཅིག་གི་ས་ཁར་ ས་ཆ་ཨེ་ཀར་༢༢༨ དེ་ཅིག་ནང་ཆགས་ཡོད་མི་ བ་མེན་གསོ་སྐྱོང་ཁང་དེ་ སྤྱི་ལོ་༡༩༧༧ ལུ་ བ་མེན་མོ་༢ དང་ བ་མེན་ཕོ་༤ དང་གཅིག་ཁར་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ནངས་པ་ བ་མེན་གྱི་མཁོ་འདོད་བཀོད་མི་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
ད་རེས་ གསོ་སྐྱོང་ཁང་ནང་ བ་མེན་ཕོ་༣ དང་ བ་མེན་མོ་བརྩིས་ཏེ་ བརྒྱ་མ་ལངམ་ཅིག་ཡོདཔ་ད་ དེ་ཚུ་གི་གྲས་ལས་ ལོ་བསྟར་བཞིན་དུ་ བོའུ་ཅུང་༢༥ དེ་ཅིག་ འཚའ་དོ་ཡོད་མི་ལས་ ཕྱེད་ཀ་ལྷགཔ་ཅིག་ མོ་ཨིནམ་ད་ ལྷག་ལུས་དེ་གིས་ མཁོ་འདོད་འགྲུབ་ནི་ལུ་ དོ་འགྲན་བྱུང་དོ་ཡོདཔ་ཨིན་པས།
ཤར་ཕྱོགས་རྫོང་ཁག་༦ གི་ མི་སེར་སོ་ནམ་པ་ཚུ་ལུ་ བ་མེན་བཀྲམ་སྤེལ་འབད་ཐོག་ལས་ གྲོང་གསེབ་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ གཞི་བཙུགས་འབད་མི་ གསོ་སྐྱོང་ཁང་དེ་ནང་ ལོ་བསྟར་བཞིན་དུ་ བ་མེན་གྱི་མཁོ་འདོད་བཀོད་མི་༡༠ དང་༡༥ གི་བར་ན་ ཐོན་དོ་ཡོད་རུང་༡༠ དེ་ཅིག་མ་གཏོགས་ བཀྲམ་སྤེལ་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
བ་མེན་གསོ་སྐྱོང་ཁང་དེ་ ས་ཆ་ཨེ་ཀར་༢༢༨ དེ་ཅིག་ནང་ ཆགས་ཏེ་ཡོདཔ་ད་ དེ་གི་ནང་ལས་ ས་ཆ་ཨེ་ཀར་༡༣༧ རྩྭ་འབྲོག་བཟོ་སྟེ་ཡོདཔ་ཨིན་པས།
དུས་ཅི་གི་ལོ་ནང་ ད་ལྟོ་ཚུན་ ཟླཝ་༤ གི་ནང་འཁོད་ལུ་ བ་མེན་གྱི་མཁོ་འདོད་བཀོད་མི་༡༤ དེ་ཅིག་ཐོན་ཏེ་ཡོདཔ་ལས་ ག་དེ་སྦེ་ འགྲུབ་ཚུགས་གའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
ཆོས་སྐུ་གིས་ སླབ་མིའི་ནང་ གསོ་སྐྱོང་ལྟེ་བ་གིས་ ལོ་རེ་ནང་ བ་མེན་ཕྱུག་གུ་༢༥ དེ་ཅིག་ འཚའ་དོ་ཡོད་ས་ལས་ ཕྱེད་ཀ་ལྷགཔ་ཅིག་ མོ་ཨིན་པའི་ཁར་ རེ་གཉིས་ རི་གླང་གི་ཕྱུག་གུ་སྦེ་ འཚའ་ནི་དེ་གིས་ ཕ་སོན་གྱི་དོན་ལུ་ ལག་ལེན་འཐབ་མ་བཏུབ་མ་ཚད་ རེ་གཉིས་ཤི་རྐྱེན་བྱུངམ་མས་ཟེར་ཨིན་པས།
བ་མེན་ཚུ་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ མི་སེར་སོ་ནམ་པ་ཚུ་ལུ་ རང་སོའི་རྒེད་འོག་སྒོ་ནོར་རྒྱ་སྐྱེད་འགོ་དཔོན་བརྒྱུད་དེ་ རྫོང་ཁག་སྒོ་ནོར་འགོ་དཔོན་གྱིས་ མཁོ་མངགས་འབད་མི་དང་འཁྲིལ་ཏེ་ ལོ་ལྷགཔ་ཅིག་ལང་མི་ བ་མེན་རེ་ལུ་ གོང་ཚད་དངུལ་ཀྲམ་༡༦༠༠༠ རེ་སྦེ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།
ཆོས་སྐུ་གིས་ སླབ་མིའི་ནང་ བ་མེན་གསོ་སྐྱོང་ཁང་ནང་ ས་ཁོངས་ཀྱི་རྒྱ་ཚད་དང་ རྩྭ་འབྲོག་ལངམ་མེད་པའི་དཀའ་ངལ་ལུ་བརྟེན་ ཚད་གཞི་དང་ཐོན་སྐྱེད་རྒྱ་སྐྱེད་གཏང་ནི་ལུ་ དཀའ་ངལ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ གསོ་སྐྱོང་ཁང་དེ་ནང་ དོ་འགྲན་སྦོམ་ཤོས་ཅིག་ རི་དྭགས་སེམས་ཅན་ གླངམོ་ཆེ་དང་ རི་གླང་ཚུ་གིས་ ལྕགས་སྐུད་ར་བ་ཚུ་ མེདཔ་བཏང་མི་ལུ་བརྟེན་ རྩྭ་ཁར་བཏང་བཞགཔ་ད་ བ་མེན་ཚུ་ ཕྱི་ཁར་ཐོན་འགྱོ་མི་ལུ་བརྟེན་ཨིན་ཟེར་ འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
རྒྱལ་ཁབ་ནང་ བ་མེན་གསོ་སྐྱོང་ལྟེ་བ་༢ ཡོདཔ་བཞིན་དུ་ བཀྲམ་སྤེལ་གྱི་ ནུས་ཚད་འདྲན་འདྲ་འབད་མི་ ལྟེ་བ་གཞན་མི་དེ་ གཞལམ་སྒང་རྫོང་ཁག་ དབང་འདུས་སྒང་ལུ་ཡོདཔ་ད་ དེ་གིས་ དབུས་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།