ཕྲ་འབུབ་དང་འབྲེལ་བའི་ འབུ་ནད་ལུ་བརྟེན་ ཨ་ལོ་གསར་སྐྱེས་༡༡ ལུ་ཤི་རྐྱེན།

འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་འཇིགས་མེད་རྡེ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལོ་གསར་སྐྱེ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ ཕྲ་འབུབ་དང་འབྲེལ་བའི་ འབུ་ནད་ཐོན་མི་ལུ་བརྟེན་ ཨ་ལོ་གསར་སྐྱེ་༡༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༢༢ ལུ་ འབུ་ནད་ཐོན་ཞིནམ་ལས་ཚུར་ ཨ་ལོ་རྨས་སྐྱེས་༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་དེ་ཡང་ མང་ཤོས་ར་ དུས་ཚོད་མ་རན་པར་ སྐྱེས་མི་ཚུ་ ཀེ་རེབ་སི་ལ་ ནི་མོ་ནི་ཡ་ཟེར་མི་ གློ་བའི་ཚད་ནད་ཐོབ་མི་ལུ་བརྟེན་ཨིནམ་ད་ ཤི་རྐྱེན་བྱུང་མིའི་ སྙན་ཞུ་མཇུག་ར་ སྤྱི་ཟླ་༨ པའི་ཚེས་༩ ལུ་ འབད་ཡོདཔ་ཨིན་པས།

གློ་བའི་ཚད་ནད་ཀྱིས་ གློཝ་དང་ ཁྲག་རྒྱུག་ལམ་ཚུ་ལུ་ གནོདཔ་བཀལ་ཏེ་ ཕན་མེད་སྲིན་སྨན་ལུ་གྱུར་ཏེ་ སྨན་རིགས་སྣ་ཚོགས་ཀྱིས་ ནད་འབུབ་བསད་མ་ཚུགསཔ་ བཟོ་བཏངམ་ཨིན་པས།

འདི་བཟུམ་མའི་ འབུ་ནད་ཚུ་ སྨན་ཁང་ནང་ལས་ར་ ཁྱབ་སྤེལ་འགྱོ་མི་དེ་ཡང་ སྲིན་སྨན་ཚུ་གི་ ཕན་ནུས་མར་བབས་ཏེ་ ནད་འབུབ་བསད་མ་ཚུགསཔ་ འགྱོ་ནི་དེ་གིས་ཨིན་པས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྡེ་འཛིན་ ཌོག་ཊར་སྒོ་སར་སྤེན་པ་གིས་ སླབ་མིའི་ནང་ འབུ་ནད་དེ་ ད་ལྟོ་ དམ་འཛིན་འབད་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ སྨན་ཁང་དེ་ནང་ ནད་ཡམས་བརྟག་དཔྱད་མཁས་མཆོག་༢ ཡོདཔ་ལས་ ཁོང་གིས་ བརྡ་དོན་ཚུ་ བསྡུ་ལེན་ཐོག་ ཨ་ལོ་གསར་སྐྱེ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ འབུ་ནད་ཀྱི་ རྒྱུ་རྐྱེན་ག་ཅི་ཨིན་ན་ བརྟག་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།

མ་གཞི་ སྨན་ཁང་གིས་ སྨན་བཅོས་སྡེ་ཕྲན་དེ་ནང་ ཕྲ་འབུབ་དང་འབྲེལ་བའི་ འབུ་ནད་དེ་ ག་དེ་སྦེ་ ཁྱབ་སྤེལ་སོང་ཡོདཔ་ཨིན་ན་ གཏན་འཁེལ་བཟོ་དགོཔ་ཡོད་རུང་ ཌོག་ཊར་སྒོ་སར་སྤེན་པ་གིས་འབད་བ་ཅིན་ སྨན་ཁང་ལུ་ ཆུ་བཀྲམ་སྤེལ་འབད་མི་དེ་ནང་ བཙོག་པ་ཞུགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཨ་ལོ་དུས་ཚོད་མ་ཚངམ་ལས་ སྐྱེས་མི་ཚུ་ལུ་ འདི་བཟུམ་མའི་ འབུ་ནད་འཐོབ་ནིའི་ ཉེན་ཁ་སྦོམ་ཡོད་མི་དེ་ཡང་ ཁོང་གི་ནད་ཐུབ་རིམ་ལུགས་ ལེགས་ཤོམ་སྦེ་ མ་བཏགས་ནི་དེ་གིས་ཨིན་ཟེར་ཨིན་པས།

ཨ་ལོ་གསར་སྐྱེ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ ཨ་ལོ་རྨས་སྐྱེས་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་མི་ལུ་བརྟེན་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ འཛིན་སྐྱོང་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འབུ་ནད་དེ་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཐོན་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།

སྨན་ཁང་གིས་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་རུང་ དེ་དང་གཅིག་ཁར་ འབུ་ནད་བཀག་འཛིན་འབད་ནིའི་ ཐབས་ལམ་ཚུ་ འགོ་བཙུགས་ཡོད་མི་དེ་ཡང་ ལགཔ་ཆུ་འཁྱུ་ནི་དང་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།

ད་རུང་ སྨན་ཁང་གིས་ རྒྱལ་འཛིན་ནད་རིགས་བཀག་འཛིན་ལྟེ་བ་ལུ་ ཆུ་བརྟག་དཔྱད་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *