༉ ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་རྒྱལ་འཛིན་རྒྱན་ཤོག་ཚད་འཛིན་ཡིག་ཚང་ལྟེ་བ་གིས་ འབྲུག་གི་རྒྱན་ཤོག་དེ་ ལག་ལེན་འཐབ་ཐོག་ལས་ ཚོང་འབྲེལ་འཐབ་མི་ ཕྱི་རྒྱལ་གྱི་ རྒྱན་ཤོག་ཡོངས་འབྲེལ་འཆར་སྒོ་༦ བཀག་འཛིན་འབད་ནིའི་དོན་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ ཞུ་ཡིག་བཙུགས་ནི་གི་ གྲ་སྒྲིག་འབདཝ་ཨིན་པས།
རྒྱན་ཤོག་ཡིག་ཚང་གིས་ ཕྱི་ཁ་ལས་ ལག་ལེན་འཐབ་མི་ རྒྱན་ཤོག་གི་ ཡོངས་འབྲེལ་འཆར་སྒོ་ཚུ་ རྒྱལ་ཁབ་ནང་ ལག་ལེན་འཐབ་ནི་ལས་ བཀག་ཆ་གནང་དགོཔ་སྦེ་ བརྡ་བརྒྱུད་དབང་འཛིན་ལུ་ ཞུ་གཏུགས་འབད་ནི་ཨིན་མི་དེ་ཡང་ འབྲུག་པའི་རྒྱན་ཤོག་ཉོ་མི་ཚུ་ལུ་ མགུ་འཐོམ་འབྱུང་ནི་ལས་ བཀག་ཐབས་ལུ་ཨིན་པས།
མ་གཞི་ འབྲུག་གི་རྒྱན་ཤོག་ཡིག་ཚང་གིས་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལུ་ བཀག་ཆ་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་རུང་ ཁྲིམས་འདུན་ལས་ བརྡ་བརྒྱུད་དབང་འཛིན་ལུ་ ཞུ་བ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ཕྱིའི་རྒྱན་ཤོག་༦ པོ་དེ་ཡང་ bhutanluckylottery.com, bhutanstate lottery.com, lotterybhutan.com bhutanstatelotteries.com, ,luckydailybumper.com དེ་ལས་ bhutanlottery.in ཟེར་མི་ཚུ་ཨིནམ་ད་ རྒྱན་ཤོག་དེ་ཚུ་ག་ར་ འབྲུག་གི་རྒྱན་ཤོག་ངོ་རྟགས་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
མ་གཞི་ ཕྱིའི་རྒྱན་ཤོག་༢ ཀྱིས་ འབྲུག་རྒྱལ་འཛིན་རྒྱན་ཤོག་ཚད་འཛིན་གྱི་ རྒྱན་ཤོག་དང་ དེ་གི་གྲུབ་འབྲས་ཚུ་ལུ་ ཐོ་ཕོག་ནི་མེད་རུང་ ཚད་འཛིན་གྱི་ ཚོང་འབྲེལ་འཛིན་སྐྱོང་པ་ ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ འབྲུག་གི་མིང་རྟགས་ཐོག་ལུ་ རྒྱན་ཤོག་ཚོང་འབྲེལ་འཐབ་མི་དེ་གིས་ མི་ཚུ་ལུ་ མགུ་འཐོམ་བཅུགཔ་མས་ཟེར་ཨིན་པས།
རེ་ཚེ་སྐབས་ ཁོང་གི་ རྒྱན་ཤོག་གི་ གྲུབ་འབྲས་ཚུ་ ང་བཅས་ཀྱི་ གྲུབ་འབྲས་ཚུ་དང་ ཁ་ཐུག་རྐྱབ་ད་ འབྲུག་གི་རྒྱན་ཤོག་ཉོ་མི་ཚུ་ མགུ་འཐོམ་སི་སི་ བཟོཝ་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ ཕྱིའི་རྒྱན་ཤོག་ཚུ་གི་སྐོར་ལས་ དྲི་བ་བཀོད་མི་ དག་པ་ཅིག་ ཐོན་ཡོདཔ་མ་ཚད་ སྟབས་མ་བདེཝ་ ག་ཅི་ཡང་ མ་ཐོན་རུང་ ཁོང་གིས་ འབྲུག་གི་མིང་རྟགས་ ལག་ལེན་འཐབ་ཐོག་ ཁེ་ཕན་སྤྱོདཔ་མས་ཟེར་ཨིན་པས།
ཚད་འཛིན་དེ་གི་ བརྡ་དོན་འཕྲུལ་རིག་ལས་ཚན་གྱིས་ ཕྱིའི་རྒྱན་ཤོག་གི་ ཡིག་ཚང་ཚུ་ ག་ཏེ་ར་ཡོདཔ་ཨིན་ན་དང་ ག་ཏེ་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ ས་ཁོངས་འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།
Check Also
འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།
༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …