ཕྱི་རྒྱལ་ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་ལུ་ ལྟ་རྟོག་འབད་ནི་མེདཔ་ཨིན་ན?

༉ འབྲུག་གི་སློབ་ཕྲུག་ཚུ་ ཕྱི་རྒྱལ་ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གི་ མགུ་སྐོར་འོག་ལུ་ ཚུད་ཡོད་པའི་ ཉོགས་བཤད་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཐོན་མི་ལུ་ བལྟ་བ་ཅིན་ དཀའ་ངལ་དེ་ ཚབས་ཆེན་ཅིག་ལུ་ གྱུར་ཡོད་པའི་ བརྡ་མཚོན་སྟོནམ་མས།
ད་ཚུན་གྱི་བར་ན་ ཕྱི་རྒྱལ་ལུ་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་དང་ ལཱ་འབད་བར་སོང་མི་ ན་གཞོན་ལེ་ཤ་ཅིག་ར་ དཀའ་སྡུག་ནང་ཚུད་དེ་ རྒྱལ་ཁབ་ནང་ ལོག་འོང་དགོཔ་དང་ ལ་ལོ་བྲོས་ཟུར་འབད་དགོཔ་ ཐོན་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
འཕྲལ་གྱི་བྱུང་རྐྱེན་ནང་ སློབ་ཕྲུག་ལེ་ཤ་ཅིག་ མ་ལེ་ཤི་ཡ་ལུ་ ཤེས་ཡོན་སྦྱང་ནི་དང་འབྲེལ་ ལཱ་འབད་བར་སོང་པའི་ཤུལ་ལས་ ཕོ་སྐྱེས་༢ རྒྱལ་ཁབ་ནང་ ལོག་འོང་དགོཔ་ བྱུང་མི་དེ་ཡང་ ཁོང་ལུ་ སྒེར་གྱི་གྲོས་སྟོན་ལས་སྡེ་ཅིག་གིས་ མགུ་སྐོར་རྐྱབ་ནུག་ཟེར་ ཁ་ཉེས་བཀལཝ་མས།
དེ་ཡང་ ཁོང་གཉིས་ མ་ལེ་ཤི་ཡ་ལུ་ ཟ་ཁང་ཅིག་ནང་ དྲང་གཞགཔ་སྦེ་ ལཱ་འབད་སྡོད་པའི་སྐབས་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ ཞག་༡༡ བཞག་ཐོག་ལས་ དཀའ་སྡུག་བྱིན་ཡི་ཟེར་ཨིན་མས།
ལོ་ངོ་༢ ཀྱི་ཧེ་མ་ཡང་ འབྲུག་པའི་སློབ་ཕྲུག་༢༣ སྒེར་གྱི་ཤེས་ཡོན་གྲོས་སྟོན་ལས་སྡེ་ཅིག་བརྒྱུད་དེ་ མ་ལེ་ཤི་ཡ་ལུ་ བཏང་པའི་ཤུལ་ལས་ སློབ་ཕྲུག་གི་མེན་པར་ ལྟ་བཤལ་པའི་ སྐྱོད་ཐམ་སྤྲོད་ཡོད་ནི་དེ་གིས་ དཀའ་སྡུག་མྱོང་སྟེ་ སློབ་ཕྲུག་༥ རྒྱལ་ཁབ་ནང་ ལོག་འོང་སྟེ་ གྲོས་སྟོན་ལས་སྡེ་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ད་ འཁྲུན་ཆོད་དེ་ ག་དེ་སྦེ་ གནང་ཡོདཔ་ཨིན་ན་ སླབ་ནི་མེད་རུང་ དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ ཐོན་མི་ལུ་ བལྟ་བ་ཅིན་ ང་བཅས་རའི་མི་ཚུ་ ལཱ་གཡོག་མ་ཐོབ་པར་ ནང་དོག་པའི་ཤུགས་ཀྱིས་ ཤེས་ཅི་མཐོང་ཅི་ར་ སྒེར་གྱི་གྲོས་སྟོན་ལས་སྡེ་ཚུ་ལུ་ བརྟེན་ནི་དེ་གིས་ ཐོན་དོ་བཟུམ་ཅིག་འདུག།
ང་བཅས་ཀྱིས་ གྲོས་སྟོན་ལས་སྡེ་ཚུ་ལུ་ བློ་གཏད་དང་ ཡིད་ཆེས་ཡོད་མི་དེ་ཡང་ ལས་སྡེ་ཚུ་ལུ་ ལས་གཡོག་ལྷན་ཁག་དང་ ཤེས་རིག་ལྷན་ཁག་གིས་ བརྟག་དཔྱད་ཐོག་ ངོ་སྦྱོར་ལག་ཁྱེར་སྤྲོད་ཡོད་མི་ལུ་བརྟེན་ཨིན་རུང་ མ་ལེ་ཤི་ཡ་ལུ་ སོང་མི་ཚུ་གིས་འབད་བ་ཅིན་ གྲོས་སྟོན་ལས་སྡེ་ཚུ་གིས་ ཁོང་ཆ་ཁྱབ་བཏང་མི་ སློབ་ཁང་དང་ གཙུག་ལག་སློབ་སྡེ་ཚུ་ སྤུས་ཚད་དང་མ་ལྡན་པའི་ཁར་ སློབ་ཁང་ལ་ལོ་ཅིག་ གཞུང་འབྲེལ་ཐོག་ གཞི་བཙུགས་འབད་འབདཝ་ར་མིན་འདུག་ཟེར་ཨིན་མས།
སྤྱི་ལོ་༢༠༡༦ ལས་ གྲོས་སྟོན་ལས་སྡེ་ཕུད་རྡོག་གཅིག་གིས་ར་ སློབ་ཕྲུག་༩༢ མ་ལེ་ཤི་ཡ་ལུ་ བཏང་ཡོདཔ་ད་ དེ་བཟུམ་སྦེ་ གྲོས་སྟོན་ལས་སྡེ་གཞན་ཚུ་གིས་ཡང་ འབྲུག་མི་བརྒྱ་ཕྲག་ལས་བཅད་དེ་ བཏང་ཡོད་པའི་ ལོ་རྒྱུས་འདུག།
དེ་བཟུམ་འགྱོ་མི་ མང་ཤོས་ར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ཨིནམ་ལས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཏེ་ མ་ལེ་ཤི་ཡ་གིས་མ་དོ་བར་ དུ་བཱ་ཡེ་དང་ ཀུ་ཝེཊ་ ཀར་ཊར་ ཇ་པཱན་ རྒྱ་གར་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་དང་ ལཱ་འབད་བར་ སོང་ཡོད་རུང་ དྲང་སྤྱོད་མེད་པའི་ ལས་སྡེ་ཚུ་གིས་ ཨ་ལོ་ཚུ་གི་ མཐའ་དོན་དང་ ཉེན་སྲུང་ལུ་མ་བལྟ་བར་ ཁོང་རའི་ ཁེ་ཕན་ལུ་ གཙོ་བོར་བཏོན་མི་ལུ་བརྟེན་ ན་གཞོན་ཚུ་ བུ་ལོན་འོག་ལུ་ཚུད་དེ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་པའི་ ལོ་རྒྱུས་གོཝ་མས།
ཕྱི་རྒྱལ་ལཱ་གཡོག་དང་འབྲེལ་བའི་ དཀའ་ངལ་དེ་ གཙོ་བོ་ར་ འབྲེལ་ཡོད་ལས་སྡེ་ ཤེས་རིག་དང་ ལཱ་གཡོག་ལྷན་ཁག་གིས་ འབྲུག་མི་ཚུ་ ཕྱི་རྒྱལ་ལུ་བཏངམ་ད་ གྲོས་སྟོན་ལས་སྡེ་ཚུ་དང་གཅིག་ཁར་ བྱ་བའི་གནད་སྤྱོད་དང་ ཁ་ཚིག་ཚུ་ དམ་སྒྲིང་མ་བཟོ་བའི་ཁར་ དཀའ་ངལ་ཐོནམ་ད་ ལས་སྡེ་ཚུ་གིས་ མགུ་སྐོར་དང་ གཡོ་སྒྱུ་འཐབ་ཡོད་པའི་ མངོན་རྟགས་བྱུང་རུང་ ཁོང་གི་ཆོག་ཐམ་རྐྱངམ་གཅིག་ ཆ་མེད་བཏང་སྟེ་ ཉེས་བྱ་དང་ ཉེས་ཁྲིམས་ག་ནི་བར་ མ་བཀལ་བར་ བཞག་ནི་དེ་གིས་ འོང་ནི་མས།
ད་ལྟོ་ གཞུང་གི་ཁ་ཐུག་ལས་ མ་ལེ་ཤི་ཡའི་ གནད་དོན་ཚུ་ལུ་ བརྟག་ཞིབ་འབདཝ་དང་གཅིག་ཁར་ ད་ལས་hར་ དཀའ་ངལ་མི་འཐོན་ནི་དང་ སྒེར་གྱི་ལས་སྡེ་ཚུ་གིས་ གཡོ་སྒྱུ་འཐབ་ནི་ཚུ་ བཀག་ཐབས་ལུ་ ད་ལྟོ་ ཆོག་ཐམ་སྤྲོད་དེ་ཡོད་མི་ སྒེར་གྱི་གྲོས་སྟོན་ལས་སྡེ་ཚུ་ བསྐྱར་ཞིབ་འབད་དགོཔ་མ་ཚད་ ད་ལྟོ་ རྩོད་རྙོགས་ཐོན་ཏེ་ཡོད་མི་ཚུ་ལུ་ ལཱ་འཕྲོ་མཐུད་འབད་མ་བཅུག་པར་ བཀག་འཛིན་འབད་དགོ་པའི་ཁར་ ཕྱི་རྒྱལ་ལཱ་གཡོག་ལམ་ལུགས་དེ་ར་ གཞི་བསྒྱུར་འབད་དགོཔ་འདུག

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *