ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས།

དེ་ཡང་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༦ ལས་ ཟ་ཁང་སྒོ་ཕྱེས་ཏེ་ མདའ་རྐྱབ་མི་དང་ མི་མང་ལུ་ ཞབས་ཏོག་ཞུ་སྡོད་པའི་བར་ན་ སྤྱི་ཟླ་༡ པའི་ཚེས་༡༥ ལུ་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ རྒྱལ་ཡོངས་ནང་ འགྲུལ་སྐྱོད་བཀག་དམ་འབདཝ་དང་འབྲེལ་ སྒོ་བསྡམས་དགོཔ་བྱུང་ཡོདཔ་ཨིན་པས།

ཟ་ཁང་གི་ཇོ་བདག་ སངས་རྒྱས་དབང་འདུས་ཀྱིས་ སླབ་མིའི་ནང་ བདུན་ཕྲག་༢ ཀྱི་རིང་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་མི་དེ་ཡང་ དེ་བསྒང་ ལྕང་གླིང་མི་ཐང་གི་ ལྟགམ་དང་འོག་གི་འབའ་སྐྱོར་༢ ཆ་རའི་ནང་ ཉིནམ་ཨ་རྟག་ར་ ཕྱི་རྒྱལ་མདའ་གཞུའི་ཐོག་ རྩེད་འགྲན་འབད་མི་ ལེ་ཤ་འོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྩེད་འགྲན་འབད་མི་ཚུ་གི་གྲས་ལས་ དྲོ་པའི་ཆུ་ཚོད་༦ ལས་༨ ཚུན་ ཞི་གཡོགཔ་ཚུ་གིས་ རྩེད་འགྲན་འབད་ཡོདཔ་ད་ དྲོ་པའི་ཆུ་ཚོད་༨ དང་༡༠ དེ་ཅིག་ལས་ རྩེད་འགྲན་འཕྲོ་མཐུད་དེ་ ཕྱི་རུའི་ཆུ་ཚོད་༤ དང་༥ ཚུན་ སྤྱིར་བཏང་ རྒྱུ་སྟོབས་ཡོད་མི་ ཇོ་བདག་དང་ སྦྱིན་བདག་ཚུ་གིས་ རྩེད་འགྲན་འབད་ནི་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཞི་གཡོགཔ་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གིས་ ཡིག་ཚང་གི་དུས་ཚོད་རྫོགསཔ་ཅིག་ ཕྱི་རུ་ཆུ་ཚོད་༥ ལས་ནུབ་མོའི་ཆུ་ཚོད་༡༡ ཚུན་ མདའ་རྩེད་འགྲན་འབད་བར་ འོང་ནི་ཡོད་ཟེར་ཨིན་པས།

དེ་བསྒང་ ཉིན་བསྟར་བཞིན་དུ་ འབའ་སྐྱོར་གྱི་འཐུས་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༣,༠༠༠ དང་༤,༠༠༠ གི་བར་ན་ བཟོ་ཡོདཔ་མ་ཚད་ ཟ་ཁང་ནང་ བཞེས་སྒོའི་རིགས་ཚུ་ཟ་མི་ ལྟེམ་ལྟེ་སྦེ་ འོང་ནི་ཡོདཔ་ལས་ ད་རེས་བཟུམ་སྦེ་ འོང་འབབ་ལུ་ ཐོ་ཕོག་ནི་མེད་ཟེར་ཨིན་པས།

ཨིན་རུང་ སྤྱི་ཟླ་༡ པའི་བདུན་ཕྲག་༣ པ་ལས་འགོ་བཙུགས་ སྤྱི་ཟླ་༣ པ་ཚུན་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་འབད་མི་དང་ ལོག་སྒོ་ཕྱེས་བའི་སྐབས་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ འབའ་སྐྱོར་ཐང་ནང་ རང་ལུགས་ཀྱི་མདའ་གཞུའི་ཐོག་ལས་ རྐྱངམ་གཅིག་རྩེད་འགྲན་འབད་ཆོགཔ་བཟོ་ཞིནམ་ལས་ འོང་འབབ་ལུ་ ཐོ་ཕོག་ཅི་ཟེར་ སངས་རྒྱས་དབང་འདུས་ཀྱིས་ བཤདཔ་ཨིན་པས།

དེ་གི་ཤུལ་ལས་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ས་ཁོངས་ནང་ རང་ལུགས་ཀྱི་མདའ་རྩེ་མི་ ཉིནམ་རེ་ལུ་ མི་རེ་གཉིས་དང་ རེ་ཚེ་སྐབས་ ཕུད་རྡོག་གཅིག་ཡང་ མདའ་རྐྱབ་པར་འོང་ནི་མེད་པའི་སྐབས་ རི་ཁ་ལས་ཕར་དང་ གྲོང་གསེབ་གཡུས་སྒོ་ཚུ་ནང་ཡོད་པའི་ ནོར་འཚོ་སྡོད་མི་ཚུ་གི་ ས་ཁོངས་བཟུམ་ཅིག་གི་ སྣང་བ་ཤར་དོ་ཡོདཔ་ཨིན་པས།

འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ ཟ་ཁང་ནང་ བཟའ་འཐུང་རིགས་ཚུ་ བཙོང་ནིའི་དོན་ལུ་ རིན་བསྡུར་ཐོག་ལས་ ཐོབ་པའི་སྐབས་ ཟླ་རིམ་བཞིན་དུ་ ཁང་གླའི་འཐུས་དངུལ་ཀྲམ་༢༠༡,༣༥༥ རེ་སྤྲོད་དགོཔ་སྦེ་ཨིན་རུང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ ཁང་གླ་བརྒྱ་ཆ་༥༠ ཕབ་ཆག་འབད་མི་དང་ འགྲུལ་སྐྱོད་བཀག་དམ་གྱི་སྐབས་ ཁང་གླ་དགོངས་ཡངས་འབད་མི་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ཕྱི་རུ་རྩེད་མི་ཚུ་ལས་ དུས་ཡུན་ཆུ་ཚོད་༣ གྱི་རིང་ སྤག་ཤིང་གི་ མདའ་གཞུ་ཐོག་ལས་ རྩེད་འགྲན་འབདཝ་ད་ འཐུས་དངུལ་ཀྲམ་༡,༠༠༠ རེ་ བསྡུ་མི་དེ་ཡང་ རང་ལུགས་ཀྱི་རྩེདམོ་ གོང་འཕེལ་གཏང་ཐབས་ལུ་ བྱིན་པའི་སྐབས་ ཟླ་རིམ་བཞིན་དུ་ གློག་མེ་སྤྱོད་འཐུས་དངུལ་ཀྲམ་༩,༠༠༠ རེ་ འཐོན་ནི་འདུག་ཟེར་ཨིན་པས།

ཟ་ཁང་ལུ་ འགན་ཁུར་གཞན་ཡང་ འབའ་སྐྱོར་༢ ཆ་རའི་ནང་ རྩྭ་སྐྱེས་མི་ཚུ་བརྫམ་གཏང་ནི་དང་ ཕྱགས་སྙིགས་བསྡུ་ལེན་འབད་ནི་ཚུ་ཨིན་པས།

ཟ་ཁང་གི་ ཇོ་བདག་གིས་ སླབ་མིའི་ནང་ དུས་ཅི་ ལོ་འགོ་བཙུགསཔ་ད་ ཟ་ཁང་ནང་ ལཱ་འབད་ནིའི་དོན་ལུ་ མོ་ལུ་ཡོད་པའི་ཚོང་ཁང་དེ་ གཞན་མི་ལུ་ བཙོང་ཞིནམ་ལས་ འོང་དགོ་མི་དེ་ཡང་ ཟ་ཁང་ནང་ འོང་འབབ་དུམ་གྲ་རེ་ བཟོ་ནི་ལུ་ དམིགས་གཏད་ཨིན་རུང་ གནས་སྟངས་སྐྱོ་དྲགས་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གནས་སྟངས་ནང་ སྡོད་དགོཔ་ཐོན་ཏེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ནངས་པར་ འོང་འབབ་ལུ་ ཐོ་དགོ་པའི་གནད་དོན་གཞན་མི་དེ་ ད་རེས་ནངས་པར་ སྣུམ་འཁོར་ནང་སྦེ་ མི་ཚུ་གིས་ བཞེས་སྒོའི་རིགས་ཚུ་ གླ་འཁོར་བཞག་སའི་ས་ཁོངས་ནང་ བཙོང་ནི་འགོ་བཙུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཕྱི་རྒྱལ་གྱི་ མདའ་གཞུའི་རྩེད་འགྲན་བཀག་ཆ།

དུས་ཅི་ སྤྱི་ཟླ་༤ པའི་ནང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ སྤྱི་ཟླ་༣ པ་མཇུག་བསྡུ་ཞིནམ་ལས་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ ནུབ་མོ་རྩེད་འགྲན་གྱི་ སྦྱང་བ་འབད་ནི་དང་ སྡེ་ཚན་བཟོ་སྟེ་ འགྲན་བསྡུར་འབད་ནི་ཚུ་ མ་ཆོགཔ་སྦེ་ བཀག་དམ་འབད་ནུག།

དེ་ཡང་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ རང་ལུགས་སྤག་ཤིང་གི་མདའ་གཞུའི་ཐོག་ལས་ རྩེད་འགྲན་གྱི་སྦྱང་བ་འབད་ནི་དང་ ཕྱི་རྒྱལ་མདའ་གཞུའི་ཐོག་ རྩེད་འགྲན་སྦྱང་བ་འབད་ནི་དེ་ བཀག་ཆ་འབད་དགོཔ་སྦེ་ ཁྱབ་བསྒྲགས་ལྷོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ ཚོགས་ཆུང་གིས་ གྲོས་ཐག་བཅད་དགོ་མི་དེ་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ནང་ ཉིན་བསྟར་བཞིན་དུ་ རྩེད་འགྲན་འབད་བའི་སྐབས་ མདའ་རྩེདཔ་ལ་ལོ་ཅིག་གིས་ སྣང་མེད་དང་ མདའ་ཤོར་ཏེ་ མི་གི་ཚེ་སྲོག་ལུ་ གནོད་ཉེན་བྱུང་བའི་ ལོ་རྒྱུས་ཚུ་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།

དེ་མ་ཚད་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ ཕྱི་རྒྱལ་མདའ་གཞུ་རྩེད་འགྲན་འབད་ནིའི་དོན་ལུ་ གཞུང་དབང་ས་ཆ་ཅིག་ འཚོལ་དགོ་པའི་ཁར་ རང་ལུགས་མདའ་རྩེད་ཚོགས་པའི་ ཡིག་ཚང་དང་ གཞན་འབྲེལ་ཡོད་ཚུ་ཡང་ ལྕང་གླིང་མི་ཐང་རྒྱལ་ཡོངས་རྩེད་ཐང་ལས་ ས་གོ་གཞན་ཅིག་ནང་ སྤོ་བཤུད་འབད་ནིའི་དོན་ལུ་ ཐབས་དང་གནས་སྐབས་བཏོན་དགོ་ཟེར་ཨིན་པས།

དུས་ཅི་ལས་ ཕྱི་རྒྱལ་མདའ་གཞུའི་རྩེད་འགྲན་ཚུ་ མཐའ་བཅད་ནང་ལྷོད་མི་ སྡེ་ཚན་ཚུ་མ་གཏོགས་ གཞན་རྩེད་འགྲན་ཚུ་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ནང་མེན་པར་ གཞན་ཁ་རྩེད་འགྲན་འབད་དགོཔ་ཨིན་རུང་ རང་ལུགས་སྤག་ཤིང་གི་ གཞུ་ཐོག་ལས་ རྩེད་འགྲན་འབད་མི་ཚུ་ཨིན་པ་ཅིན་ རྩེད་འགྲན་འབད་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *