ཕྱི་རུའི་ཆུ་ཚོད་༦ འབྱིད་ཞིནམ་ལས་ སྐུལ་བསྒྲགས་འབད་བའི་སྙན་ཞུ།

སྤྱི་ཟླ་༩ པའི་ཚེས་༤ ལུ་ པདྨ་དགའ་ཚལ་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ལྟ་རྟོག་པ་གིས་ མི་སེར་དམངས་གཙོའི་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཕྱི་རུའི་ཆུ་ཚོད་༦ འབྱིད་ཞིནམ་ལས་ སྐུལ་བསྒྲགས་འབད་དོ་ཡོདཔ་སྦེ་ མཐོང་ཡོད་པའི་སྐོར་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

དེ་མ་ཚད་ སྐུལ་བསྒྲགས་སྐབས་ ཕྱི་རུའི་ཆུ་ཚོད་༧ དང་༩ གི་བར་ན་ ཚོགས་སྟོན་ལས་རིམ་ འགོ་འདྲེན་འཐབ་ཡོད་པའི་སྐོར་ལས་ཡང་ རྒྱལ་ཡོངས་ལྟ་རྟོག་པ་གིས་ སྙན་ཞུ་འབད་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ ན་ནོང་-ཤུ་མར་གྱི་འདེམས་ངོ་ པདྨ་དབང་དྲག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ སྤྱི་འོག་ཚུ་ནང་ སྒོ་བཤལ་སྐུལ་བསྒྲགས་འབད་སྡོད་མི་ལུ་བརྟེན་ གནད་དོན་དེ་གི་སྐོར་ལས་ མ་གོ་རུང་ སྤྱི་ཚེས་༦ ལུ་ མི་ཚུ་གིས་སླབ་སར་ གོ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ངོས་ལེན་འགོ་དཔོན་ཚུ་གིས་ སྤྱིར་སྙོམས་འཛོམས་འདུའི་ནང་ སྐུལ་བསྒྲགས་ཀྱི་སྐབས་ ཆུ་ཅིག་ཡང་ བྱིན་མ་ཆོགཔ་མ་ཚད་ ཕྱི་རུའི་ཆུ་ཚོད་༦ ལས་ སྐུལ་བསྒྲགས་འབད་མ་ཆོགཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ བཟོ་བལ་རྒེད་འོག་ལས་ཡང་ མི་༡༠ དེ་ཅིག་ ཕྱི་རུའི་ཚོགས་སྟོན་ནང་ སོང་ཡོདཔ་སྦེ་ གོ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ལྟ་རྟོག་པ་གིས་ གནད་དོན་དེ་གི་སྐོར་ལས་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཚོགས་པ་གཞན་གྱི་ འདེམས་ངོ་ཚུ་ སྤྱི་འོག་ཚུ་ནང་ སྡོད་ནི་དེ་གིས་ སྒྲུབ་བྱེད་མེདཔ་ལས་ དེ་གི་སྐོར་ལས་ སྙན་ཞུ་འབད་དགོཔ་ཅིག་ མ་མཐོང་ཟེར་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ གསེར་གྱི་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོང་གིས་ མ་མཐོང་པའི་ཁར་ གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་མེད་ནི་དེ་གིས་ ཉོགས་བཤད་ག་ནི་ཡང་མེད་རུང་ རྒྱལ་ཡོངས་ལྟ་རྟོག་པ་གིས་ ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ སླབ་མིའི་ནང་ ཁོ་ར་ ཐིམ་ཕུག་ལུ་ སྡོད་ནི་དེ་གིས་ གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་མ་འབྱུང་རུང་ ཕྱི་རུའི་ཆུ་ཚོད་༦ ལས་ ཚོགས་པའི་རྒྱབ་སྐྱོར་པ་འབད་རུང་ ཚོགས་སྟོན་གྱི་ལས་རིམ་ འགོ་འདྲེན་འཐབ་མི་ཆོག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ལྟ་རྟོག་པ་གིས་ར་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོད་པ་ཅིན་ གནད་དོན་དེ་ལུ་ བདེན་ཁུངས་འོང་སྲིད་ནི་ཨིནམ་ལས་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་དགོཔ་བཞིན་དུ་ དེ་ལུ་ རེ་བ་བསྐྱེད་དོ་ཡོདཔ་ལས་ ཚོགས་པ་གཞན་ཚུ་གིས་ ཉོགས་བཤད་ལོགས་སུ་སྦེ་ བཙུགས་དགོཔ་མ་མཐོང་ཟེར་ཨིན་པས།

མི་སེར་དམངས་གཙོའི་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ བསོད་ནམས་ཀྱིས་ སླབ་མིའི་ནང་ ཚོགས་པའི་ཚོགས་པ་ཚུ་ འཛོམས་ཐོག་ལས་ ཚོགས་སྟོན་གྱི་ ལས་རིམ་ཆུང་ཀུ་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ དུས་ཚོད་བལྟ་ནི་དེ་ བརྗེད་སོཔ་ལས་ ཁོང་གིས་འབད་མི་དེ་ལུ་ ངོས་ལེན་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་སྟོན་དེ་ནང་ མི་༥༠ ལྷགཔ་ཅིག་ཡོད་རུང་ དེ་ཚུ་ག་ར་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཚོགས་པའི་རྒྱབ་སྐྱོར་པ་སྦེ་ ཐོ་བཀོད་འབད་མི་ཚུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *