ཕྱི་འབྲེལ་བློན་པོ་གིས་ མར་ཁུའི་གོང་ཚད་སྐོར་ སླབ་མི་ལུ་ མི་ཚུ་ཚ་གྱང་ལང་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ སྣུམ་འཁོར་གྱི་ མར་ཁུའི་གོང་ཚད་ཡར་སེང་འགྱོ་མི་ལུ་ གཞུང་གི་ཧོངས་ལས་ དམ་འཛིན་འབད་ཐབས་མེདཔ་ལས་ མར་ཁུ་ཐོབ་མ་ཚུགས་པའི་ དཀའ་ངལ་འབྱུང་ཟེར་ མི་སྡེའི་བརྡ་བརྒྱུད་ ཝི་ཅཱཊ་ནང་ སླབ་བཞག་མི་དེ་ལུ་ ཡོངས་འབྲེལ་ལག་ལེན་འཐབ་མི་ ལེ་ཤ་ཅིག་གིས་ ཚ་གྱང་ཡོད་ལུགས་ བཤདཔ་ཨིན་པས།

ད་རུང་ ཕྱི་འབྲེལ་བློན་པོ་གིས་ རྒྱ་གར་དང་ འཛམ་གླིང་ནང་ མར་ཁུའི་གོང་ འཛེགས་པའི་བསྒང་ལས་ འབྲུག་ལུ་ཡང་ ཡར་སེང་འགྱོ་ནི་ཨིན་པའི་སྐོར་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྒྱ་གར་དང་ འབྲུག་གི་བར་ན་ མར་ཁུའི་གོང་ཚད་ དངུལ་ཀྲམ་༨ དང་༩ དེ་ཅིག་གི་ ཁྱད་པར་ཆགས་ཏེ་ཡོད་མིའི་སྐོར་ལས་ གཞུང་གིས་ རྒྱ་གར་གཞུང་དང་གཅིག་ཁར་ གསུང་གྲོས་གནང་དོ་ཟེར་ཨིན་པས།

བློན་པོ་གིས་ ཝི་ཅཱཊ་བརྡ་འཕྲིན་ནང་ སླབ་བཞག་མི་དང་འཁྲིལཝ་ད་ ད་རེས་ མར་ཁུའི་གོང་ཚད་ཡར་འཛེགས་ཡོད་རུང་ ཟླཝ་༢ དང་༣ གྱི་རྒྱབ་ལས་ མར་ཁུ་མ་ཐོབ་འགྱོ་འོང་ཟེར་ཨིནམ་ད་ མར་ཁུའི་གོང་དེ་ ཟླཝ་༡ ནང་ཚར་༣ མིན་པར་ བདུན་ཕྲག་༡ ནང་ ཚར་༣ ཡར་སེང་འགྱོ་ནི་གི་ ཉེན་ཁ་ཡོད་ཟེར་ བློན་པོ་རྟ་མགྲིན་རྡོ་རྗེ་གིས་སླབ་ནུག།

འདི་འབདཝ་ལས་ གཞུང་གི་གནས་ཡུན་དེ་ ནམ་ཚང་འོང་ག་ཟེར་ ཡང་ཅིན་ གཞུང་གསརཔ་ཅིག་ལུ་ རྩིས་སྤྲོད་དགོ་མནོ་སི་སི་ཡར་སོ་ཡི་ཟེར་ཨིན་པས།

གནད་དེ་གི་སྐོར་ལས་ ཕྱི་འབྲེལ་བློན་པོ་གིས་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཁོ་རའི་འདེམས་ཁོངས་ནང་ ལྟ་སྐོར་འབད་བའི་སྐབས་ ཝི་ཅཱཊ་སྡེ་ཚན་ནང་ སླབ་མི་དེ་ ཤུལ་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ བརྗེ་སོར་འབད་ཡོདཔ་ཨིན་པས།

མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ ར་ཤི་ཡ་དང་ ཡུ་ཀེ་རེན་རྒྱལ་ཁབ་གཉིས་ཀྱི་བར་ན་ དམག་འཁྲུག་ལང་སྟེ་ཡོད་མིའི་སྐོར་ མི་ག་གིས་ཡང་ མ་ཤེསཔ་མེདཔ་ལས་ ད་རེས་བཟུམ་མའི་ དུས་འཚུབས་ཀྱི་ གནས་སྟངས་ནང་ བློན་པོ་གིས་ ཚ་གྱང་ཅན་གྱི་ ལོ་རྒྱུས་སླབ་སྟེ་ མི་སེར་ཚུ་ འདྲོག་འབྱེལ་འཐབ་བཅུག་ནི་མེན་པར་ གདོང་ལེན་ཚུ་ སེལ་ཐབས་འབད་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་རྩིས་སྤྲོད་ནིའི་ཐད་ལུ་ མི་མང་ལས་ རེ་བ་མེད་རུང་ བཙག་འཐུའི་སྐབས་ལུ་ གཞུང་ག་བཟུམ་ བཙག་འཐུ་འབད་ནི་ཨིན་ན་ མི་སེར་གྱིས་ ཐག་གཅད་འོང་ཟེར་ཨིན་པས།

ལ་ལོ་གིས་ སླབ་མིའི་ནང་ རྒྱ་གར་དང་ འབྲུག་གི་བར་ན་ མར་ཁུའི་གོང་ཚད་ཀྱི་ཁྱར་པར་སྦོམ་སྦེ་ ཆགས་མི་དེ་ ཕྱི་འབྲེལ་བློན་པོ་གིས་ བདེ་སྒྲིག་བཟོ་སྟེ་ སེལ་ཐབས་འབད་དགོ་ཟེར་ཨིན་པས།

བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་རེས་ནངས་པར་ ཡུ་རོབ་ལུ་ དམག་འཁྲུག་ལང་ནི་དེ་གིས་ འཛམ་གླིང་ནང་ མར་ཁུ་བཀྲམ་སྤེལ་ མར་བབས་སོང་སྟེ་ཡོད་ཟེར་ཨིནམ་ད་ ད་རིས་ དམག་འཁྲུག་ལང་པའི་ ནམ་དུས་ལུ་ ང་བཅས་ཀྱིས་ མར་ཁུ་གསོག་འཇོག་འབད་དགོཔ་དེ་ ཁག་ཆེ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

ད་རུང་ བློན་པོ་གིས་ སླབ་མིའི་ནང་ དམག་འཁྲུག་དེ་ མཇུག་མ་བསྡུ་བར་ དེ་སྦེ་ར་ སྡོད་པ་ཅིན་ འབྲུག་ལུ་ མར་ཁུ་ཐོབ་མ་ཚུགསཔ་ འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས་ ག་ར་གིས་ མར་ཁུ་བསག་བཞག་དགོཔ་ འཐོན་འོང་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ཁོ་རའི་འདེམས་ཁོངས་ཀྱི་ ཝི་ཅཱཊ་སྡེ་ཚན་ནང་ སླབ་མི་དེ་ མི་མང་ལུ་ ཁྱབ་སྤེལ་སོང་མི་དེ་ཡང་ ཁོ་གིས་ གཞུང་དེ་ གཞུང་གསརཔ་ཅིག་ལུ་ རྩིས་སྤྲོད་དགོ་མནོ་སི་སི་ ཡར་སོ་ཡི་ཟེར་ སླབ་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།

ངེ་གི་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ དྲི་བ་བཀོད་མི་ལུ་ ཁོང་གི་ ངོ་ཚབ་འབད་བ་ལུ་བརྟེན་ ང་གིས་ ལན་སླབ་ཅི་ཟེར་ བློན་པོ་རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པས།

དེ་འབདཝ་ད་ མི་ཚུ་གིས་ ཁོང་གི་ ངོ་ཚབ་སྦེ་མིན་པར་ ཕྱི་འབྲེལ་བློན་པོ་སྦེ་ བརྩི་འཇོག་ཐོག་ བརྡ་འཕྲིན་དེ་ དར་ཁྱབ་བཏང་ནུག་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

མི་ཚུ་ སྤྱགས་སྡུག་འཐབ་ཡོདཔ།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ བློན་པོ་གིས་ རྒྱལ་ཁབ་ནང་ མར་ཁུའི་དཀའ་ངལ་འབྱུང་འོང་ཟེར་ སླབ་པའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ མི་ཚུ་ སྤྱགས་སྡུག་འཐབ་སྟེ་ སྤུ་ན་ཁ་ཁུ་རུ་ཐང་ལུ་ཡོད་མི་ དམ་ཅན་པེ་ཊོ་ལི་ཡམ་བཀྲམ་སྤེལ་ཁང་ནང་ རང་སོའི་སྣུམ་འཁོར་བདའ་སྟེ་ མར་ཁུ་བླུག་པར་ སོང་ཡོདཔ་མ་ཚད་ ལ་ལོ་གིས་ ཇར་ཀིན་ནང་ མར་ཁུ་འདེགས་བཞག་སར་ མཐོང་གསལ་བྱུང་ནུག།

གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ མར་ཁུ་བཀྲམ་སྤེལ་ཁང་དེ་གིས་ ཉིནམ་རེ་ལུ་ པེ་ཊཱོལ་མར་ཁུ་ལི་ཊར་༡,༨༠༠ དེ་ཅིག་ལས་བརྒལ་ བཙོང་ནི་མེད་རུང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ལི་ཊར་༣,༧༠༠ བཙོང་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ཚུ་ མར་ཁུ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་ནི་དང་ ཡང་ཅིན་ བསག་བཞག་ནིའི་དོན་ལུ་ ག་ཐོབ་རྐྱབ་སྟེ་ འོང་མི་དེ་ཡང་ མར་ཁུའི་གོང་ཚད་ཡར་སེང་འགྱོ་ནི་དང་ ཟླཝ་དག་པ་ཅིག་ལས་ བཀྲམ་སྤེལ་ཉུང་སུ་འགྱོ་ནི་ཨིན་པའི་སྐོར་ འཐོར་གཏམ་དར་ཁྱབ་སོང་ནི་དེ་གིས་ཨིན་ཟེར་ཨིན་པས།

སྣུམ་འཁོར་གཏང་མི་ཚུ་གིས་ སྣུམ་འཁོར་གྱི་ སྣུམ་མཛོད་ལྟེམས་ལྟེ་སྦེ་ མར་ཁུ་བླུགས་ཡོདཔ་མ་ཚད་ ལ་ལོ་གིས་ མར་ཁུ་ལི་ཊར་༥༠ ལས་༦༠ དེ་རེ་ཉོ་སྟེ་ ཇར་ཀིན་ཚུ་ནང་ འདེགས་འབག་ཡོདཔ་ད་ ཧེ་མ་འབད་བ་ཅིན་ མི་ཚུ་གིས་ དངུལ་ཀྲམ་༥༠༠ ལས་བརྒལ་ མར་ཁུ་བླུག་ནི་མེདཔ་ཨིན་པས།

དེ་བཟུམ་སྦེ་ གྲོང་གསེབ་མི་སེར་ཅིག་གིས་ ཇར་ཀིན་ནང་ ཌི་ཟཱིལ་མར་ཁུ་ལི་ཊར་༥༠ ལས་༨༠ ཉོ་འབག་དོ་ཡོདཔ་ད་ དེ་གི་ཧེ་མར་ ལི་ཊར་༢༠ ལས་བརྒལ་ ཉོ་འབག་ནི་མེད་ཟེར་ མི་དེ་གིས་ བཤད་པའི་ཁར་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ཇར་ཀིན་ནང་ མར་ཁུ་འདེགས་འབག་མི་ མི་༨༠ དང་༩༠ དེ་ཅིག་ མར་ཁུ་བཀྲམ་སྤེལ་ཁང་ནང་ ག་ཐོབ་རྐྱབ་སྟེ་ འོང་ཡི་ཟེར་ཨིན་པས།

གྲོང་གསེབ་སོ་ནམ་པ་ཚུ་གིས་ ཌི་ཟཱིལ་མར་ཁུ་ཉོ་འབག་མི་དེ་ འབྱ་འཛུགས་སྐྱོང་གི་དོན་ལུ་ ལག་ལེན་འཐབ་མི་ ཞིང་རྨོ་འཕྲུལ་ པ་ཝར་ཊེ་ལར་ཚུ་ལུ་ བླུག་ཐབས་ལུ་ཨིནམ་ད་ སྤུ་ན་ཁ་ལུ་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་དེ་ ཤུལ་མའི་ཟླཝ་ནང་ འགོ་བཙུགསཔ་ཨིན་པས།

གནས་ཚུལ་གྱི་ འབྱུང་ཁུངས་དང་འཁྲིལཝ་ད་ བློན་པོ་གིས་ མི་སེར་ཚུ་ལུ་ འབྲུག་གིས་ རྒྱ་གར་ལས་ མར་ཁུ་ནང་འདྲེན་འབད་དོ་ཡོདཔ་ལས་ མར་ཁུའི་གོང་ཚད་ཚུ་གི་ ཁྱད་པར་འཐོན་སྲིད་ནི་ཨིན་རུང་ བཀྲམ་སྤེལ་ནང་  དཀའ་ངལ་མི་འབྱུང་ནི་ཨིན་པའི་སྐོར་ སླབ་ནུག་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *