ཕྱི་ནང་གི་ ཡོན་ཏན་ཟུང་འབྲེལ་དགོ་པའི་ དུས་ཚོད་ལུ་ལྷོད་ཡོདཔ།

༉ ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ནང་ མི་ཚུ་གིས་ དགེ་འདུན་སློབ་གྲྭ་དང་ དེང་སང་གི་སློབ་གྲྭ་ དེ་ལས་ གཞི་རྟེན་ཤེས་ཡོན་གྱི་ཐོག་ལས་ རང་སོའི་དང་འདོད་དང་འཁྲིལ་ ཤེས་ཡོན་སྦྱང་ནི་གི་ ལམ་ལུགས་བཟོ་གནང་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
མི་ལོ་༥༠ དང་༦༠ གི་ཧེ་མ་འབད་བ་ཅིན་ ཆོས་དང་འབྲེལ་བའི་ ཤེས་ཡོན་སྦྱངས་མི་ ཁྱབ་ཆེར་ཡོདཔ་ལས་ བདག་སྐྱོང་དང་ གཞུང་འབྲེལ་གྱི་ བྱ་སྒོ་ཚུ་ཆ་མཉམ་ར་ ཁོང་གིས་ འཐབ་ཡོདཔ་ཨིན་རུང་ དེང་སང་གི་ ཤེས་ཡོན་ལམ་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ ལཱ་གཡོག་གི་ གོ་སྐབས་ག་ཅི་ནང་ར་འབད་རུང་ ཆོས་དང་འབྲེལ་བ་མེད་པའི་ ཤེས་ཡོན་སྦྱང་མི་ཚུ་གིས་ དབང་གནོན་འབད་བའི་ མངོན་གསལ་བྱུང་ཡི།
དཔེར་ན་ ལོ་ངོ་དག་པ་ཅིག་གི་ཧེ་མ་ ནང་པའི་རིག་གཞུང་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཅིག་ གཞུང་གི་ལས་སྡེ་ཅིག་ནང་ ལཱ་གཡོག་འཚོལ་བར་འགྱོཝ་ད་ འགོ་འཛིན་དེ་གིས་ རྒྱལ་སྤྱིའི་སྐད་ཡིག་ ཨིང་ལིཤ་ནང་ ཤེས་ཡོན་སྦྱང་སྦྱངམ་མེད་པ་ཅིན་ ནང་པའི་ཡོན་ཏན་གྱིས་ ལྟོ་ཐོབ་མི་ཚུགས་ཟེར་སླབ་ནུག།
དེ་བཟུམ་སྦེ་ རྫོང་ཁའི་ཐོག་ལུ་ ཤེས་ཡོན་སྦྱང་མི་ ལེ་ཤ་ཅིག་ར་ གཡོག་འཚོལ་བར་ འགྱོཝ་ད་ར་ ཁོང་གི་དོན་ལུ་ ལཱ་གཡོག་གི་ ས་སྟོང་མེད་ཟེར་ སླབ་ཐོག་ལས་ ལོག་བཏང་ཡོདཔ་ལས་ ཁོང་ཆ་ཁྱབ་ སེམས་ཤི་དགོཔ་བྱུང་ནུག།
ཨིན་རུང་ ལ་ལོ་ཅིག་གིས་ ཡོན་ཏན་གཅིག་རྐྱངམ་གཅིག་གིས་ རང་གི་ མི་ཚེ་མཐར་འཁྱོལ་མི་ཚུགས་ནི་མས་ཟེར་ ཕྱི་ནང་གི་ ཡོན་ཏན་ཟུང་འབྲེལ་སྦེ་ ལྷབ་སྦྱང་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ནངས་པར་ འབྲུག་ལུ་ རྫོང་ཁ་དང་ ཨིང་སྐད་གཉིས་ཆ་རའི་ ཤེས་ཡོན་ལེགས་ཤོམ་ཡོད་མི་ཚུ་ ལཱ་གཡོག་ཚུ་ནང་ མཁོ་གལ་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
འདི་འབདཝ་ལས་ འདས་པའི་ལོ་ངོ་དག་པ་ཅིག་ལས་ དགེ་འདུན་སློབ་གྲྭ་དང་ བཤད་གྲྭ་ ཨ་ནེམོ་གྲྭ་ཚང་ཚུ་ནང་ ཨིང་སྐད་ཐོག་ལུ་ སློབ་སྟོན་འབད་ནི་ འགོ་བཙུགས་ཏེ་ཡོད།
ད་རེས་འབད་བའི་བསྒང་ལས་ ཨ་ནེམོ་ཚུ་གིས་ཡང་ སྤྱིར་བཏང་སློབ་གྲྭ་ནང་ འགྱོ་ཐོག་ལས་ དེས་སང་གི་ ཤེས་ཡོན་སྦྱང་ནི་ འགོ་བཙུགས་མི་དེ་གིས་ ཕྱིའི་ཡོན་ཏན་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ གསལ་སྟོན་འབདཝ་མས། དཔེར་ན་ ཀྲོང་གསར་ལུ་ ཀརྨ་སྒྲུབ་སྡེ་ཨ་ནེ་གྲྭ་ཚང་ལས་ ཨ་ནེམོ་༡༥ དེ་ཅིག་ ཀུན་དགའ་རབ་བརྟན་སློབ་གྲྭ་ཆུང་བ་ནང་ སྤྱིར་བཏང་གི་ སློབ་ཕྲུག་ཚུ་དང་གཅིག་ཁར་ དཔེ་ཆ་ལྷབ་པར་ འགྱོཝ་ཨིན་མས།
ཨ་ནེམོ་གྲྭ་ཚང་དེ་གི་ དབུ་འཛིན་གྱིས་ཡང་ ཨ་ནེམོ་ཚུ་ དེང་སང་སློབ་གྲྭ་ནང་ གཏང་ནི་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ འཛམ་གླིང་གཅིག་གྱུར་འགྱོ་བའི་ ནམ་དུས་ལུ་ ཕྱི་ནང་གི་ ཡོན་ཏན་ཟུང་འབྲེལ་སྦྱང་དགོཔ་ ཁག་ཆེ་མི་ལུ་བརྟེན་ཨིནམ་ད་ ཁོང་གིས་ སློབ་རིམ་༦ པ་ཚུན་ ཨིང་སྐད་ཀྱི་ ཆོས་ཚན་ལྷབ་ཞིནམ་ལས་ གྲྭ་ཚང་ནང་ ཆོས་དང་འབྲེལ་བའི་ ཤེས་ཡོན་ལུ་ སྦྱང་བརྩོན་འབད་ནི་ཨིན་མས།
འབྲུག་རྒྱལ་ཁབ་ཡང་ བརྡ་དོན་འཕྲུལ་རིག་གོང་འཕེལ་གྱི་ མདུན་ལམ་ལུ་ཞུགས་པའི་ ནམ་དུས་ལུ་ ཆོས་དང་འབྲེལ་བའི་ ཤེས་ཡོན་རྐྱངམ་གཅིག་མེན་པར་ རྩིས་དང་ ཚན་རིག་ འཕྲུལ་རིག་ལ་སོགས་པའི་སྐོར་ ཨ་ནེམོ་དང་ ནང་པའི་ཤེས་ཡོན་སྦྱང་མི་ཚུ་གིས་ ཤེས་དགོཔ་དེ་ཁག་ཆེ།
རྒྱལ་ཁབ་ནང་ འབྲི་ལྷག་གི་ ཤེས་ཡོན་ཡར་དྲག་གཏང་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ སྤྱི་ལོ་༡༩༩༠ གོ་གྲངས་ལས་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མ་ཚུགས་པར་ ལུས་མི་ཚུ་གི་དོན་ལུ་ གཞི་རྟེན་ཤེས་ཡོན་ཟེར་ ན་ལོན་ཕོ་མོ་ཚུ་ལུ་ རྫོང་ཁག་ཐོག་ལས་ འབྲི་ལྷག་གི་ སློབ་སྟོན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ཤུལ་ལས་ ཨིང་ལིཤ་ཡང་ སློབ་སྟོན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ས་གནས་གཞུང་གི་ འགོ་ཁྲིདཔ་བཙག་འཐུ་གྲུབ་མི་ མང་ཤོས་ཅིག་ར་ གཞི་རྟེན་ཤེས་ཡོན་ལྷབ་མི་ལུ་བརྟེན་ཨིན་མས།
འདི་འབདཝ་ལས་ ད་རེས་ ཀྲོང་གསར་གྱི་ ཨ་ནེམོ་ཚུ་གིས་ དུས་རྒྱུན་གྱི་ སློབ་གྲྭ་ནང་ སློབ་ཕྲུག་གཞན་ཚུ་དང་གཅིག་ཁར་ ཨིང་སྐད་ཐོག་ལས་ ཤེས་ཡོན་སྦྱང་མི་དེ་གིས་ དེང་སང་ཤེས་ཡོན་དང་ ནང་པའི་ཤེས་ཡོན་ དེ་ལས་ གཞི་རྟེན་ཤེས་ཡོན་༣ ཆིག་སྒྲིལ་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་མས།
འདི་བཟུམ་མའི་ ཤེས་ཡོན་ཟུང་འབྲེལ་ཐོག་ སྦྱང་མི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་འདི་ནང་ ཤེས་ཡོན་ཅན་གྱི་ མི་སྡེ་ཅིག་སྦེ་ བཟོ་ནི་གི་ དམིགས་ཡུལ་འགྲུབ་དགོ་པ་ཅིན་ ཤེས་ཡོན་ལམ་ལུགས་༣ གྱི་སྐོར་ལས་ མི་མང་ལུ་ ལྷག་པར་དུ་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *