བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཕྱི་ཁ་ལས་ བུ་རྫིཔ་ལེན་ཆོགཔ་ མི་བཟོ་ཟེར་ གསུངས་པའི་བསྒང་།

ཕྱི་ཁར་ལས་ བུ་རྫིཔ་དང་བྱ་རོགས་ཚུ་ ཨ་རྟག་ག་ཨིནམ་སྦེ་ ལེན་མི་ཆོག་ནི།

༉ རྒྱལ་ཁབ་ནང་ ཨ་ལོ་ལྟ་མི་ མ་ཐོབ་པའི་དཀའ་ངལ་སྦོམ་ཡོད་རུང་ ད་ལྟོ་བར་ན་ཡང་ བུ་རྫིཔ་དེ་ ཁྱིམ་ཚང་རྒྱལ་ཁབ་ནང་ལས་ འཁྱིད་འོང་མི་ཆོག་ཨིནམ་ལས་ དཀའ་ངལ་དེ་ ཕམ་ཚུ་གིས་ར་ གདོང་ལེན་འབད་དགོ་ནི་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲན་ནང་ བློན་པོའི་ལྷན་ཚོགས་དང་ བརྡ་བརྒྱུད་ཀྱི་ གྲོས་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ད་རེས་ནངས་པར་ འབྲུག་མི་མང་ཤོས་ཅིག་ར་ བུ་རྫིཔ་མེད་པའི་དཀའ་ངལ་ཐོན་རུང་ དེའི་དོན་ལུ་ ཕྱིའི་རྒྱལ་ཁབ་ལས་ བུ་རྫིཔ་འཁྱིད་འོང་ཆོགཔ་སྦེ་ མི་བཟོ་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ འབྲུག་མི་མང་ཤོས་ཀྱིས་ རྒྱ་གར་ལས་ བུ་རྫིཔ་དང་ བྱ་རོགས་རྒྱུག་མི་ཚུ་ འཁྱིད་འོང་རུང་ ཤུལ་ལས་ གཞུང་གིས་བཀག་ཆ་འབད་ནུག།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ བུ་རྫིཔ་ལེན་ཆོག་པའི་ ལམ་ལུགས་བཟོ་བ་ཅིན་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་རང་བཙན་ལུ་ ཐོ་སྦོམ་ཕོག་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་གུང་པ་༡༠༠,༠༠༠ དེ་ཅིག་གིས་ བུ་རྫིཔ་༡༠༠,༠༠༠ འཁྱིད་འོང་པ་ཅིན་ རྒྱལ་ཁབ་ནང་ ཕྱི་མི་༡༠༠,༠༠༠ དེ་ཅིག་ འོང་ནི་མས་ཟེར་ཨིན་པས།
མ་གཞི་ བུ་རྫིཔ་མ་ཐོབ་མི་དེ་ དཀའ་ངལ་ཅན་ཅིག་ཨིན་རུང་ དེ་ལས་ཡང་ ཁག་ཆེ་ཤོས་དེ་ རྒྱལ་ཁབ་ཀྱི་ རང་དབང་དང་སྲུང་སྐྱོབ་ཨིནམ་ལས་ ཕྱི་ལས་ བུ་རྫིཔ་དང་ བྱ་རོགས་རྒྱུག་མི་ཚུ་ འཁྱིད་འོང་མ་ཆོགཔ་སྦེ་ར་ བཞག་པ་ཅིན་ དྲག་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ དེ་བཟུམ་གྱི་དཀའ་ངལ་ གདོང་ལེན་འབད་ནིའི་དོན་ལུ་ གཞུང་གིས་ ལྷན་ཁག་དང་ལས་སྡེ་ཚུ་ནང་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་མི་དེ་ རྒྱུ་རྐྱེན་དེ་ལུ་བརྟེན་ ཨིན་མི་དེ་ཡང་ ཨ་ལོ་ཚུ་ལྟེ་བ་དེ་ནང་བཞག་སྟེ་ ཕམ་ཚུ་ཡིག་ཚང་ནང་ འགྱོ་བའི་སྐབས་ བྱ་སྟབས་བདེ་ཏོག༌ཏོ༌འདུག༌ཟེར༌ཨིན་པས།
དེ་བཟུམ་གྱི་ ལྟེ་བ་དེ་ ད་རེས་ བསྟན༌རྒྱས༌ལྷན༌ཁག༌དང༌ ལས༌ གཡོག༌ལྷན༌ཁག༌ལ༌སོགས༌པ་ཚུ༌ནང༌ གཞི༌བཙུགས༌འབད༌ཡོདཔ༌བཞིན༌དུ༌ ཡིག༌ཚང༌གི༌དུས༌ཚོད༌ཁར༌ ཨ༌ལོ༌ཚུ༌ ལྟེ༌བ༌དེ༌ནང༌ བཞག༌དོ༌ཡོདཔ༌ ཨིན༌པས།
དེ༌འབདཝ༌ད༌ ཕམ༌གཉིས༌ཆ༌ར་ ཡིག༌ཚང༌ནང༌འགྱོ༌མི༌དེ༌ ཞི༌གཡོག་ནང༌རྐྱངམ༌གཅིག༌མེན༌པར་ སྤྱི༌གཡོག༌གཞན༌ ལས༌འཛིན༌དང༌ གཞུང༌མིན༌ལས༌སྡེ༌ རྩ༌ཁྲིམས༌ཅན༌ གྱི༌གཙུག༌སྡེ༌ དེ༌ལས༌ སྒེར༌ སྡེ༌ཚུ༌ནང༌ཡང༌ཡོདཔ༌ལས༌ ཁོང༌ལུ༌ དེ༌བཟུམ༌གྱི༌ གཅེས༌སྐྱོང༌ཞབས༌ཏོག་མེདཔ་ལས་ ཨ་ལོ་ལྟ་མི་མེད་པའི་ དཀའ་ངལ་སྦོམ་ཡོདཔ་ཨིན་པས།
འབྲུག་མི་མང་ཤོས་ཅིག་གིས་ བུ་རྫིཔ་དང་བྱ་རོགས་རྒྱུག་མི་ཚུ་ རྒྱ་གར་ལས་ ལེན་ནི་ལུ་སྤྲོད་བ་བསྐྱེད་མི་དེ་ཡང་ རྒྱལ་ཁབ་ནང་ལས་ མ་ཐོབ་ནི་དེ་གིས་ཨིནམ་ད་ མ་གཞི་ ལམ་ལུགས་དང་འཁྲིལ་བ་ཅིན་ བུ་རྫིཔ་དང་བྱ་རོགས་རྒྱུག་མི་ཚུ་ ལེན་མ་ཆོགཔ་སྦེ་ཨིན་རུང་ ལ་ལོ་ཅིག་གིས་ ད༌ལྟོའི་བར༌ན༌ཡང་ ལེན་ཡོདཔ་ཨིན་པས།
བུ་རྫིཔ་དང་བྱ་རོགས་རྒྱུག་མི་དེ་ ལེན་མ་ཆོགཔ་སྦེ་ ཕྱི་མི་ནང་སྐྱོད་བཅའ་ཁྲིམས་ནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༩ ལུ་ ཕྱི༌མི༌ནང༌སྐྱོད༌ ལས་ཁུངས་ཀྱིས་ འབྲུག་མི་ག་ར་ལུ་ ཕྱིའི་མི་བཞག་ཡོདཔ་མཐོང་པ་ཅིན་ དེ་འཕྲོ་ལས་ ལོག་རྒྱ་གར་ལུ་གཏང་ནི་ཨིནམ་མ་ཚད་ ཉེས་ཆད་ མི་རེ་ལུ་ དངུལ་ཀྲམ་༡༠,༠༠༠ རེ་ བཀལ་ནི་ཟེར་ གསལ་བསྒྲགས་འབད་མི་དེ་ མི་མང་ཤོས་ཅིག་གིས་ ཕྱི་མི་ཚུ་ གསང་བའི་ཐོག་ལས་ བཞག་ནི་དེ་གིས་ཨིན་པས།
གསལ་བསྒྲགས་དང་བསྟུན་ ལས་ཁུངས་ཀྱིས་ ཁྲིམས་འདུན་ལས་ གནང་བ་ཞུ་ཞིནམ་ལས་ དོགས་པ་ཡོད་པའི་ཁྱིམ་ཚུ་ནང་ ཕྱི་མི་ཡོད་མེད་ཀྱི་ ཞིབ་དཔྱད་འབད་བའི་སྐབས་ བདའ་ཟུན་མི་ཚུ་ལུ་ ཉེས་ཆད་ཡང་ བཀལ་ཡོདཔ་མ་ཚད་ མི་ཚུ་ལོག་རྒྱ་གར་ལུ་བཏང་ནུག།
ད་ལྟོ་ ཕྱི་མི་ནང་སྐྱོད་ཀྱི་བཅའ་ཁྲིམས་དང་འཁྲིལ་ སྣུམ་འཁོར་ཚུ་ འཛུལ་སྒོ་ཚུ་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་དམ་དམ་འབད་རུང་ ལ་ལོ་གིས༌ འཁྱིད་འོང་ཚུགས་མི་དེ་ཡང་ དམག་སྡེའི་སྣུམ་འཁོར་ནང་ ནདཔ་སྐྱེལ་མི་སྣུམ་འཁོར་ དེ་ལས་ གཞུང་གི་ཆེ་མཐོ་འགོ་དཔོན་ཚུ་གིས་ འཁྱིད་འོང་བའི་དོགས་པ་ཡོདཔ་ད་ དེ་ཡང་ ཁོང་གི་སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་ནི་མེད་ནི་དེ་གིས་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *