ཕྱི་ཁའི་ལཱ་འབད་མི་ཚུ་གི་ ཆོག་ཐམ་བསྐྱར་གསོ་ མི་འབད་ནིའི་གྲོས་ཐག།

༉ ལས་གཡོག་ལྷན་ཁག་གིས་ རྒྱལ་ཁབ་ནང་ ལཱ་གཡོག་གི་དཀའ་ངལ་ སེལ་ཐབས་འབད་ནི་དང་ འབྲུག་མི་ཚུ་གི་ རིག་རྩལ་ཡར་དྲག་གཏང་ནི་ཚུ་ སེམས་ཁར་བཞག་སྟེ་ ལཱ་གཡོག་སྡེ་ཚན་༦ ནང་ཡོད་མི་ ཕྱི་ཁའི་ལཱ་འབད་མི་ཚུ་གི་ ཆོག་ཐམ་བསྐྱར་གསོ་མི་འབད་ནིའི་དོན་ལུ་ མངོན་གསལ་ཅན་གྱི་ གྲོས་ཐག་བཅད་མི་དེ་ ཤུལ་མའི་ཟླཝ་ནང་ལས་ བསྟར་སྤྱོད་འབད་ནི་ཨིན་མས།
ད་རེས་ནངས་པར་ ཞི་གཡོག་མེན་པའི་ ཕྱི་ཁའི་ལཱ་གཞན་ཚུ་ འཚོལ་མི་མང་བའི་དུས་ཚོད་ལུ་ སྒེར་སྡེ་ཚུ་ནང་ ཕྱི་ཁའི་ལཱ་འབད་མི་ཚུ་ དགོས་མཁོ་མེད་མི་དེ་ཡང་ འབྲུག་མི་ཚུ་གིས་འབད་ཚུགས་པའི་ ལྕོགས་གྲུབ་ཡོད་ནི་དེ་གིས་ཨིན་མས།
ལཱ་གཡོག་གི་ སྡེ་ཚན་ཚུ་ནང་ལྟཝ་ད་ འབྲུག་མི་ཚུ་གིས་ ས་སྟོང་བསུབ་ཚུགས་པའི་ འོས་འབབ་མཐོངམ་མ་ཚད་ བཟོ་རིགཔ་དང་ སྦྱོང་བརྡར་ཅན་གྱི་སློབ་དཔོན་ དེ་ལས་ ཐ་ན་ བཟོ་བཀོདཔ་ཚུ་ཡང་ ལཱ་གཡོག་ཚོང་འབྲེལ་ནང་ ལངམ་སྦེ་ར་འདུག།
ལས་གཡོག་ལྷན་ཁག་ལུ་ ལཱ་གཡོག་གང་མང་བཟོ་དགོ་པའི་ ཨུ་ཚུགས་རྐྱབ་ཡོད་མི་དང་བསྟུནམ་ད་ སྲིད་བྱུས་བར་ཞུགས་ཐོག་ལས་ ལཱ་གཡོག་བཟོ་ཚུགས་པའི་ བརྡ་མཚོན་སྟོནམ་ཨིན་མས།
ལ་ལོ་ཅིག་གིས་ གལ་སྲིད་བཙག་འཐུ་ལས་གྲུབ་མི་ གཞུང་གིས་ཡང་ འདི་བཟུམ་མའི་ གྲོས་ཐག་བཅད་ཚུགས་པ་ཅིན་ ལཱ་གཡོག་གི་ གོ་སྐབས་བཟོ་ནིའི་དོན་ལུ་ ཐབས་བྱུས་ལེགས་ལྡན་ཅིག་ཨིན་པའི་ ཚོད་དཔག་འབདཝ་ཨིན་མས།
འདས་པའི་ལོ་དག་པ་ཅིག་གི་ཧེ་མར་ ང་བཅས་ཀྱིས་ ཆང་དང་འཛིན་ཆས་ཚུ་ ནང་འདྲེན་འབད་མ་ཆོག་པའི་ བཀག་དམ་འབད་ཡོད་རུང་ སྡེ་ཚན་ལ་ལོ་ཅིག་གི་ མཐའ་དོན་དང་ ཨུ་ཚུགས་རྐྱབ་མི་ལུ་བརྟེན་ ལོག་བཤོལ་བཞག་དགོཔ་བྱུང་ཡི།
ང་བཅས་ཀྱིས་ ནམ་ཚུན་ཚོད་ ཕྱི་ཁའི་ལཱ་གཡོག་འབད་མི་ཚུ་ལུ་ བརྟེན་སྡོད་ཚུགས་ག? འབྲུག་མི་ཚུ་གིས་ ཁྱབ་མ་ཚུགས་པའི་ ས་ཁོངས་ཚུ་ནང་ འཕྲོ་མཐུད་དེ་ར་ གླ་ཁར་ལེན་ཏེ་ གཡོག་བཙུགས་འབད་དོ་ཡོདཔ་མ་ཚད་ ཧེ་མ་ཡང་ འདི་བཟུམ་སྦེ་ར་ འབད་ཡོདཔ་ལས་ སྲིད་དོན་སེམས་འཚུབས་སྐོར་ལས་ ཚ་གྱང་ལང་དགོཔ་མེད།
ང་བཅས་རའི་ གོང་འཕེལ་མཉམ་རོགས་ཚུ་གིས་འབད་བ་ཅིན་ རང་གི་རྐང་མར་ རང་ལོང་སྡོད་ཚུགསཔ་འབད་དགོ་པའི་ རེ་བ་བསྐྱེད་མི་དང་བསྟུནམ་ད་ ཁོང་གིས་འབད་རུང་ ང་བཅས་ཀྱིས་ གྲོས་ཐག་བཅད་མི་ཚུ་ལུ་ རྒྱབ་སྐྱོར་འབད་འོང་།
བཟོ་སྐྲུན་ཚོང་འབྲེལ་དེ་ རྒྱལ་ཁབ་ནང་ ཕྱི་ཁའི་ལས་མི་ཚུ་ གཡོག་བཙུགས་འབད་མི་ སྦོམ་ཤོས་ཅིག་ཨིནམ་ད་ ང་བཅས་ཀྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ འདི་བཟུམ་མའི་ བཟོ་སྐྲུན་ཚོང་འབྲེལ་ནང་ ལཱ་འབད་ཟེར་སླབ་ནིའི་ འོས་འབབ་མེད་རུང་ གོ་སྐབས་ཀྱི་ཐད་ཁར་ ལེ་ཤ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
དཔེ་འབད་བ་ཅིན་ བཟོ་སྐྲུན་ཚོང་འབྲེལ་ནང་ རིག་རྩལ་ཅན་གྱི་ རྡོ་བཟོ་བོ་དང་ ཤིང་བཟོ་བོ་ དེ་ལས་ ཆུ་དུང་བཟོ་མི་ཚུ་གི་ དགོས་མཁོ་འགྲུབ་མ་ཚུགས་པར་ ས་སྟོང་ཐོན་པའི་ ལོ་རྒྱུས་ཚུ་གོཝ་ཨིན་མས།
གཅིག་ལས་བལྟ་བ་ཅིན་ ང་བཅས་རའི་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་ལྟེ་བ་ཚུ་གིས་ བཟོ་སྐྲུན་སྡེ་ཚན་ནང་ མཁོ་འདོད་འགྲུབ་ནིའི་དོན་ལུ་ རིག་རྩལ་ཅན་དང་ རིག་རྩལ་འབྲིང་མའི་ལས་བྱེདཔ་ཚུ་ ལོ་བསྟར་བཞིན་དུ་ བརྒྱ་ལས་བཅད་དེ་ ཐོན་སྐྱེད་འབད་དོ་ཡོད་རུང་ མཐའན་མཇུག་ཁར་ ལཱ་མ་འཐོབ་ནི་དེ་གིས་ ཟ་ཁང་དང་ ཡང་ཅིན་ དྲུག་ཡིག་གི་ལཱ་ཚུ་ འབད་དགོཔ་ཐོན་དོ་ཡོདཔ་ཨིན་མས།
བཟོ་སྐྲུན་ཚོང་འབྲེལ་ནང་ ཕྱི་ཁ་ལས་ ལཱ་འབད་མི་ཚུ་ གླ་ཁར་ལེན་ནི་དེ་ ཁེ་སུ་ཅིག་ཨིན་མི་དེ་ཡང་ ཁོང་གིས་ འབྲུག་གི་གནས་སྟངས་སྐོར་ལས་ ཧ་གོ་ནི་དེ་གིས་ཨིནམ་ད་ གལ་སྲིད་ འབྲུགཔ་ཚུ་ལུ་ རིག་རྩལ་ཡོད་པའི་ཁར་ ལཱ་འབད་ནི་ལུ་ དང་འདོད་བསྐྱེད་པ་ཅིན་ བཟོ་སྐྲུན་ལས་སྡེ་དེ་ སྐྱོ་ཤོས་ཅིག་མེན་པས།
དེ་འབདཝ་ལས་ སྦྱོར་བརྡར་ལྟེ་བ་ཚུ་གིས་ ལཱ་གཡོག་དང་མཐུན་པའི་ རིག་རྩལ་སྦྱོང་བརྡར་ཚུ་བྱིན་པ་ཅིན་ མ་འོངས་པ་ལུ་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་སེལ་ཐབས་འབད་ཚུགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *