ཕྱི་ཁའི་ལཱ་གཡོག་ལས་རིམ་དང་འབྲེལ་བའི་དཀའ་ངལ།

༉ ད་རེས་ནངས་པར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ རྒྱལ་ཁབ་ཕྱི་ཁར་ ལཱ་གཡོག་གི་གོ་སྐབས་ ཡོད་ལུགས་ཀྱི་སྐོར་ལས་ མ་བདེན་པའི་བརྡ་དོན་ཚུ་ ལེ་ཤ་ཅིག་ར་ ཁྱབ་སྤེལ་འབད་དོ་ཡོདཔ་ལས་ ལཱ་གཡོག་འཚོལ་མི་དང་ རང་སོའི་བཟའ་ཚང་ཚུ་གིས་ དྲན་བཏོན་ཐོག་ལས་ བརྟག་ཞིབ་ཚུལ་མཐུན་མ་འབད་བ་ཅིན་ མགུ་སྐོར་གྱི་འོག་ལུ་ ཚུད་ནིའི་ཉེན་ཁ་འདུག།
ལཱ་གཡོག་འཚོལ་མི་ཚུ་གིས་ གལ་སྲིད་ མི་སྡེ་བརྡ་བརྒྱུད་ཚུ་ནང་ འདི་བཟུམ་མའི་ ཕྱི་ཁའི་ལཱ་གཡོག་གི་ གོ་སྐབས་ཡོད་པའི་བརྡ་དོན་ཚུ་ གསལ་བསྒྲགས་འབད་བའི་ ཤེས་རྟོགས་འབྱུང་པ་ཅིན་ དབྱེ་དཔྱད་འབད་ནིའི་དོན་ལུ་ ཐད་ཀར་དུ་ ལས་གཡོག་ལྷན་ཁག་གི་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་དང་གཅིག་ཁར་ འབྲེལ་གཏུགས་འབད་དགོཔ་འདུག།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ལཱ་གཡོག་འཚོལ་མི་ མང་ཤོས་ཅིག་གིས་ར་ ལྷན་ཁག་ལས་ བསླབ་སྟོན་དང་ བརྡ་དོན་ཚུ་ ག་ནི་ཡང་མ་ལེན་པར་ རང་རྐྱང་གིས་ ཐག་བཅད་དེ་ ཕྱི་ཁར་འགྱོ་བའི་ཤུལ་ལུ་ བྱ་སྟབས་མ་བདེཝ་ཚུ་ ཐོནམ་ད་རྐྱངམ་གཅིག་ སྙན་ཞུ་འབད་བའི་ ལོ་རྒྱུས་འདུག།
གཅིག་ལས་བལྟ་བ་ཅིན་ ཕྱི་ཁའི་ལཱ་གཡོག་ལས་རིམ་དོན་ལུ་ ལྷན་ཁག་གིས་ ངོ་ཚབ་ལས་སྡེ་ཚུ་ ངོས་འཛིན་འབད་རུང་ འབྲུག་པའི་ན་གཞོན་ཚུ་ ཕྱིའི་རྒྱལ་ཁབ་ནང་ལྷོདཔ་ད་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ གདོང་ལེན་འབད་དགོཔ་ ཐོན་ནུག།
དེ་ཡང་ དཔེ་འབད་བ་ཅིན་ ལྷན་ཁག་གིས་ རྒྱ་གར་ལུ་ གཞི་བཙུགས་འབད་དེ་ཡོད་མི་ ཨཱལ་ཕེ་རེསི་ཀོ་ སོ་ལུ་ཤཱན་ལས་སྡེ་དང་གཅིག་ཁར་ ཁག་འབག་གན་ཡིག་གུ་ མཚན་རྟགས་བཀོད་དེ་འབད་རུང་ འབྲུག་པའི་ན་གཞོན་ཚུ་ རྒྱ་གར་ལུ་ལྷོདཔ་ད་ ཚུལ་མཐུན་ངོས་ལེན་ཅིག་ འབད་མ་བཏུབ་པའི་ ངོས་འཛིན་བྱུང་ནུག།
གན་ཡིག་དང་འཁྲིལཝ་ད་ ཟླཝ་༢ འབད་མི་སྦྱོང་བརྡར་སྐབས་ ལས་སྡེ་དེ་གིས་ བཟའ་འཐུང་དང་ སྡོད་གནས་ཚུ་ བྱིན་དགོཔ་བཞིན་དུ་ ལྷག་ཁག་གི་ཁ་ཐུག་ལས་ ཟླཝ་དང་པམ་ནང་ ལྟོ་ཕོགས་དངུལ་ཀྲམ་༤,༠༠༠ དང་ ཟླཝ་གཉིས་པམ་ནང་ དངུལ་ཀྲམ་༣,༢༠༠ བྱིན་དགོཔ་སྦེ་ཨིན་མས།
ཨིན་རུང་ ལས་སྡེ་དེ་གིས་ སྦྱོང་བརྡར་ཚུལ་མཐུན་མ་བྱིན་པའི་ཁར་ ན་གཞོན་མང་ཤོས་ཅིག་ གནས་སོར་བཏང་མ་བཏུབ་མ་ཚད་ ལྷག་པར་དུ་ ལྷན་ཁག་ལས་ ཟླ་རིམ་ལྟོ་ཕོགས་མ་ལྷོད་ནི་དེ་གིས་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ་ལས་ ན་གཞོན་༣༠ དེ་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ ལོག་རྒྱལ་ཁབ་ནང་ འོང་དགོཔ་བྱུང་ནུག།
སྤྱི་ཟླ་༤ པའི་ནང་ ལྷན་ཁག་གིས་ ཕྱི་ཁའི་ལཱ་གཡོག་ལས་རིམ་ཐོག་ལས་ རྒྱ་གར་ལུ་ སློབ་རིམ་༡༢ པ་མཇུག་བསྡུ་མི་ སློབ་ཕྲུག་༨༦ བཏང་མིའི་གྲས་ལས་༥༠ ལྷགཔ་ཅིག་གིས་ རྒྱ་གར་ལུ་ར་སྡོད་དེ་ ལཱ་འབད་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ ལཱ་གཡོག་གི་ དྲི་བ་དྲིས་ལན་ཚུ་ནང་ གྲལ་གཏོགས་འབད་དེ་འདུག།
མ་གཞི་ རྒྱ་གར་གྱི་ ལས་སྡེ་དེ་གིས་ འབྲུག་པའི་ན་གཞོན་ཚུ་ལུ་ སྦྱོང་བརྡར་ཚར་ཞིནམ་ལས་ ཟླ་རིམ་དངུལ་ཕོགས་ རུ་པི་༡༥,༠༠༠ མ་རྩིས་བར་ སྡོད་གནས་དང་ བཞེས་སྒོའི་འཐུས་ འཚོ་རྟེན་མ་དངུལ་ དེ་ལས་ སྐྱེལ་འདྲེན་གྱི་ ཟད་འགྲོ་ཚུ་ བྱིན་ནི་སྦེ་ ལྷན་ཁག་ལུ་ ཁས་ལེན་འབད་ནུག།
ཨིན་རུང་ ཁས་ལེན་དང་བསྟུན་པའི་ ངོས་ལེན་ཚུ་ རྩ་ལས་ར་ འབད་མ་བཏུབ་པར་ དཀའ་སྡུག་བྱུང་བཅུགཔ་མ་ཚད་ ལས་སྡེའི་འགོ་དཔོན་ཚུ་གིས་ ཚོགས་བརྡ་བཏང་བའི་ཁར་ དཀའ་ངལ་རེ་འབྱུང་པ་ཅིན་ ཉེན་ཁ་ཡང་ འབག་མི་ཚུགས་ཟེར་སླབ་ནུག།
ལྷན་ཁག་དང་གཅིག་ཁར་ ཁག་འབག་གན་ཡིག་བཟོ་མི་ ལས་སྡེ་གིས་ར་ དེ་བཟུམ་མའི་ རྩུབ་སྤྱོད་ཚུ་འབད་འཐོན་པ་ཅིན་ ལཱ་གཡོག་གི་ ངོ་ཚབ་ལས་སྡེ་ ཕྱམ་ཕྱིམ་ཚུ་གིས་ མགུ་སྐོར་དང་ གཡོ་སྒྱུ་རྐྱབ་སྲིད་ནི་ཨིནམ་ལས་ ང་བཅས་ར་ དྲནམ་བཏོན་དགོཔ་འདུག།
ཨིན་རུང་ ད་ལྟོ་རྒྱལ་ཁབ་ནང་ལྷོད་མི་ ན་གཞོན་ཚུ་གི་དོན་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ འོས་འབབ་ལྡན་པའི་ རྒྱབ་སྐྱོར་ཅིག་འབད་ཚུགས་པ་ཅིན་ ཕན་ཁྱད་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *