ཕྱགས་སྙིགས་བླུགས་སའི་ས་ཁོངས་ནང་ ཚུལ་མཐུན་སྦེ་མ་བླུགས་མི་ ཕྱགས་སྙིགས་ཚུ།

ཕྱགས་སྙིགས་ས་ཁོངས་ བདག་འཛིན་འབད་ནིའི་འགན་འཁུར་ ག་ལུ་ཕོགཔ་ཨིན་ན?

༉ མོང་སྒར་ ཀུར་རི་ཟམ་ལས་ རྒྱལ་པོའི་ཞིང་ཁྲོམ་ཁར་ལྷོད་ནི་ལུ་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་གནས་ཁར་ ཕྱགས་སྙིགས་བླུགས་ས་ རྒྱ་ཆེཝ་སྦེ་ཡོད་རུང་ ཚུལ་བཞིན་དུ་ འཛིན་སྐྱོང་འཐབ་མི་མེདཔ་ལས་ གནས་སྟངས་སྐྱོ་དྲགས་ལུ་ གྱུར་ཏེ་འདུག།

དེ་ཡང་ གཞུང་ལམ་ལས་ མི་ཊར་༥༠ དེ་ཅིག་གི་ས་ཁར་ ཕྱགས་སྙིགས་བླུགས་ས་བཟོ་ཡོད་མིའི་ནང་  སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་དང་ སྣུམ་འཁོར་བོ་ལི་རོ་གི་ དེད་གཡོགཔ་ཚུ་གིས་ ཕྱགས་སྙིགས་ཚུ་བསྡུ་བསྒྱོམ་འབད་དེ་ ས་ཁོངས་ནང་ མ་བླུགས་པའི་ བརྡ་མཚོན་བྱུངམ་ཨིན་མས།

སྣུམ་འཁོར་དེད་གཡོགཔ་ཚུ་གིས་ ཕྱགས་སྙིགས་ཚུ་ ཕྱི་ཁ་ལས་ཕར་ ལམ་ལྟག་དང་ འོག་ལུ་ ག་ལྷོད་སྦེ་ བླུགས་བཞག་མི་ལུ་བརྟེན་ རག་རོ་ཚུ་ སེམས་ཅན་ཚུ་གིས་ གཏོར་བཏང་མི་དང་ རླུང་མ་གིས་ ཕར་ཚུར་ འཕྱགས་འབག་སྟེ་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབདཝ་ད་ བཙོག་གྲིབ་ཀྱིས་ འབད་མ་ཚུགསཔ་མ་ཚད་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།

ཁྲི་དྭངས་སྦི་གཡུས་ཚན་ལས་ སྐྱེས་ལོ་༦༢ ལང་མི་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ ནང་འབད་བ་ཅིན་ ཕྱགས་སྙིགས་ས་ཁོངས་དེ་ མོང་སྒར་ཁྲོམ་སྡེ་ཡིག་ཚང་གི་ ཕྱགས་སྙིགས་སྐྱེལ་འདྲེན་འབད་ མི་ སྣུམ་འཁོར་ཊཱག་གིས་ ལག་ལེན་འཐབ་པའི་སྐབས་ ཚུལ་དང་མཐུནམ་སྦེ་ འཛིན་སྐྱོང་འབད་སར་མཐོངམ་ཨིན་རུང་ ད་རེས་ནངས་པར་ གནས་སྟངས་མ་འདྲཝ་ཅིག་ལུ་ གྱུར་སོ་ནུག་ཟེར་ཨིན་པས།

གླིང་མི་ཐང་ལུ་ཡོད་པའི་ གངས་རི་ཧེ་ཟལ་ནཊ་ལས་སྡེ་ནང་ ལཱ་འབད་མི་ ཨམ་སྲུ་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ ཉིན་བསྟར་བཞིན་དུ་ ཕར་ཚུར་ རྐང་སྟོང་སྦེ་ རྒྱུན་འགྲུལ་འབད་བའི་སྐབས་ ཕྱགས་སྙིགས་བླུགས་ སའི་ས་གནས་ཁར་ལྷོདཔ་ད་ དྲིམ་དང་ སྦྱངམ་ལེ་ཤ་འོང་དོ་ཡོདཔ་ལས་ ནད་གཞི་འཐོབ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།

ས་གླིང་རྒེད་འོག་གི་ཚོགས་པ་ བསོད་ནམས་རྒྱ་མཚོ་གིས་ བསམ་འཆར་བཀོད་མིའི་ནང་ གསོ་བའི་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ གཡུས་བཤལ་རྐྱབ་སྟེ་ ཁྱིམ་དང་ མཐའ་འཁོར་ཚུ་ ཧིང་སངས་ས་བཞག་དགོ་པའི་སྐོར་དང་ གཟུགས་ཁམས་འཕྲོད་བསྟེན་ གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པའི་སྐོར་ལས་ བསླབ་སྟོན་དང་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོད་ཟེར་ཨིན་པས།

འདི་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་པའི་ཤུལ་ལུ་ མི་སེར་ཚུ་གིས་ གསང་སྤྱོད་བཟོ་བའི་ཁར་ ཁྱིམ་མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་ བཞགཔ་མ་ཚད་ དུས་ཅི་ལས་ ཟླ་རིམ་བཞིན་དུ་ ཁྱིམ་གུང་རེ་ལས་ མི་རེ་ཐོན་ཏེ་ གཡུས་ཚན་གྱི་ མཐའ་འཁོར་དང་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ ཕྱགས་བདར་ལས་རིམ་དེ་ཡང་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།

གལ་སྲིད་ ཕྱགས་བདར་ལས་རིམ་གྱི་སྐབས་ ཆད་ལུས་པ་ཅིན་ ཆད་འཐུས་དངུལ་ཀྲམ་༥༠༠ རེ་བསྡུ་ལེན་ འབད་དགོ་པའི་ ནང་འཁོད་ཁྲིམས་ཅིག་ཡང་བརྩམས་ཡོདཔ་ལས་ ལས་རིམ་ལྟར་དུ་སྦེ་ བསྟར་སྤྱོད་འབདཝ་ད་ བྱ་སྟབས་མ་བདེཝ་མེད་རུང་ རིག་འཛིན་རྡོ་རྗེ་གིས་ འབད་བ་ཅིན་ སྤྱིར་བཏང་འདི་བཟུམ་གྱི་ ཕྱགས་སྙིགས་འཛིན་སྐྱོང་འབད་ནིའི་ འགན་ཁུར་དེ་ མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ ག་ལུ་ ཕོགཔ་ཨིན་ན་ཟེར་ དྲི་བཀོད་འབད་ཨིན་མས།

ས་གླིང་རྒེད་འོག་གི་རྒཔོ་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ ཕྱགས་སྙིགས་ས་ཁོངས་ལུ་ བྱ་སྟབས་ མ་བདེ་བའི་དཀའ་ངལ་ཡོདཔ་ལས་ རྫོང་ཁག་ཚོགས་འདུ་ཐེངས་༣ པའི་སྐབས་ གྲོས་གཞི་སྦེ་ཕུལ་ཡོད་རུང་ ཚོགས་འདུ་གི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་ཅིག་ མཛད་མ་བཏུབ་ཟེར་ཨིན་པས།

རྒྱལ་པོའི་ཞིང་ཁྲོམ་སྡེ་འཐུས་མི་ མགོན་པོ་གིས་ སླབ་མིའི་ནང་ དཀའ་ངལ་ཅིག་དེ་ གནམ་ནུབ་མོར་ སྣུམ་འཁོར་ནང་ཕྱགས་སྙིགས་འབད་འོང་ཞིནམ་ལས་ ཚུལ་མཐུན་ལག་ལེན་མ་འཐབ་པར་ ག་ལྷོད་བཀོག་བཞག་མི་དང་ ཚེ་ཐར་ཚོགས་པའི་ སེམས་ཅན་ཕགཔ་ཚུ་གིས་ སློང་ཐོག་ལས་ ཕྱགས་སྙིགས་ག་ར་ གཏོར་བཏང་དོ་ཡོདཔ་ལས་ ད་ལས་ཕར་ སྲུང་རྒྱབ་ཅིག་ ངེས་པར་དུ་ བཙུགས་དགོཔ་འདུག་ཟེར་ཨིན་པས།

མོང་སྒར་ཁྲོམ་སྡེའི་ སྣུམ་འཁོར་དེད་གཡོགཔ་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ མ་གཞི་ ཕྱགས་སྙིགས་བླུགས་ནིའི་ ས་གོ་སྦོམ་ཡོད་རུང་ ལྕགས་རོ་དང་ ཤེལ་ཚུ་ཡོདཔ་ལས་ སྣུམ་འཁོར་གྱི་འཁོར་ལོ་ མེདཔ་བཏང་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ དེད་གཡོགཔ་ཚུ་གིས་ ཕྱི་ཁ་ལས་ཕར་ བླུགས་བཞགཔ་ལས་ཟེར་ ཨིན་པས།

རྒྱལ་པོའི་ཞིང་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ ཚེ་རིང་རྒྱལ་མཚན་གྱིས་ ཕྱགས་སྙིགས་བླུགས་སའི་ ས་གོ་དེ་ གང་པའི་སྐབས་ ས་རྐོ་འཕྲུལ་ཆས་ཨེསི་ཀེ་བེ་ཊར་བཙུགས་ཏེ་ ས་འོག་ལུ་ ཨེམ་བཞགཔ་ཨིན་ཟེར་ཨིན་པས།

ཤེལ་དང་ གྱིབ་ཤོག་ ཤོག་གུ་ རག་རོ་ དེ་ལས་ ཟ་འཐུང་གི་རིགས་རློནམ་ཚུ་ དབྱེ་སེལ་མ་འབད་བར་ བདུན་རིམ་བཞིན་དུ་ རྒྱལ་པོའི་ཞིང་ཁྲོམ་དང་ གླིང་མི་ཐང་ཁྲོམ་ དེ་ལས་ མོང་སྒར་ཁྲོམ་གྱི་ སྣུམ་འཁོར་ཊཱག་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་དེ་ ས་ཁོངས་ནང་ བླུགས་དོ་ཡོདཔ་མ་ཚད་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱི་ སྣུམ་འཁོར་ཚུ་གིས་ཡང་ ལག་ལེན་འཐབ་དོ་ཟེར་ཨིན་པས།

ཟླ་རིམ་བཞིན་དུ་ རྒྱལ་པོའི་ཞིང་ཁྲོམ་གྱི་ མི་སེར་ཚུ་གིས་ ཁྲོམ་འཕྱགས་བདར་རྐྱབ་མ་ཚད་ ཕྱགས་སྙིགས་ས་ཁོངས་ཡང་ སེལ་ཡོད་རུང་ སྣུམ་འཁོར་ནང་ འབག་འོང་མི་ཚུ་གིས་ ལེགས་ཤོམ་སྦེ་སྤྱོད་མ་བཏུབ་ལས་ དོ་འགྲན་བྱུངམ་མས་ཟེར་ ཚེ་རིང་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

མོང་སྒར་ཁྲོམ་ཁར་ རེས་གཟའ་མིག་དམར་དང་ པ་སངས་ལུ་ ཕྱགས་སྙིགས་ རུལ་བཏུབ་མི་ བསྡུ་བསྒྱོམ་འབད་ནི་དང་ རེས་གཟའ་ལྷགཔ་དང་ སྤེན་པ་ལུ་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ ཕྱགས་སྙིགས་བླུགས་སའི་ས་ཁོངས་གསརཔ་ནང་ བསྐྱལ་དོ་ཡོདཔ་ཨིན་པས།

མོང་སྒར་ཁྲོམ་ལས་ རུལ་བཏུབ་པའི་ཕྱགས་སྙིགས་ ཚར་རེ་བསྡུ་བསྒྱོམ་འབདཝ་ད་ མེ་ཊིག་ཊཱོན་༥ ལྷགཔ་རེ་ ཐོན་དོ་ཡོདཔ་ད་ རྒྱལ་པོའི་ཞིང་ཁྲོམ་ལས་འབད་བ་ཅིན་ སླ་བསྲེས་ཡོད་པའི་ཕྱགས་སྙིགས་ མེ་ཊིག་ཊོན་༢ ལྷགཔ་རེ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྒྱལ་པོའི་ཞིང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *