༉ འབྲུག་རྒྱལ་ཁབ་འདི་ ལོ་གཅིག་བ་ལོ་གཅིག་ གོང་འཕེལ་འགྱོཝ་དང་འབྲེལ་ མི་རློབས་ཡང་ ཡར་འཕར་འགྱོཝ་བཞིན་དུ་ འདི་དང་བསྟུན་པའི་ དཀའ་ངལ་དང་ གདོང་ལེན་ཚུ་ཡང་ བྱུངམ་ཨིན་མས།
དེ་ཡང་ གདོང་ལེན་ཚུ་གི་གྲས་ལས་ ཟད་འགྲོ་ལྕི་དྲགས་དང་ སྦུངས་སྒུལ་གྱི་ ལཱ་འབད་དགོ་མི་ ཕྱགས་སྙིགས་འཛིན་སྐྱོང་འཐབ་མ་ཚུགས་མི་དེ་ཨིནམ་ད་ རྒྱལ་ས་ལྟེ་བ་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ བཀོ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ས་ཡ་༢.༡༣༥ ལྷགཔ་རེ་ ཟད་འགྲོ་བཏངམ་ཨིན་མས།
ཟད་འགྲོ་ལྕི་དྲགས་གནས་མི་དེ་ཡང་ ཁྲོམ་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྒེར་གྱི་ལས་སྡེ་ གི་རི་ནར་ཝེ་དང་ ཀི་ལིན་སི་ཊི་༢ ལུ་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་ས་ཡ་༡ དང་ ས་ཡ་༠.༤༣ རེ་ སྤྲོད་དོ་ཡོདཔ་མ་ཚད་ ཁྲོམ་སྡེའི་འོག་ལུ་ ལཱ་འབད་མི་ཚུ་གིས་ ཁྲོམ་ཁར་ཕྱགས་སྙིགས་དང་ རག་རོ་ཚུ་ བསྡུ་བསྒྱོམ་འབད་བའི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༧ དེ་རེ་ བཏང་དོ་ཡོདཔ་ཨིན་མས།
ཐིམ་ཁྲོམ་ནང་འཁོད་ལས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་མེ་ཊིག་ཊཱན་༤༨.༢༢ བསྡུ་བསྒྱོམ་འབད་མི་ལས་ མེ་ཊིག་ཊཱན་༣༧.༠༢ དེ་ཅིག་ རུལ་མ་བཏུབ་པའི་ རག་རོ་ཚུ་ཨིན་མས།
མ་གཞི་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ རྒྱལ་ཁབ་ནང་འཁོད་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལས་ ཐིམ་ཕུག་ཁྲོམ་སྡེ་གིས་ མཐའ་འཁོར་དང་ མི་མང་གི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་དང་ རག་རོ་ཚུ་ ག་ལྷོད་སར་ བཀོག་བཏང་པའི་ ཉེས་བྱ་བཀལ་ནིའི་ལམ་ལུགས་ འགོ་བཙུགས་ཡོད་རུང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་དེ་ གདོང་ལེན་ཅན་སྦེ་ར་ གནས་ཏེ་ཡོད་པའི་ མངོན་གསལ་བྱུངམ་མས།
དེ་མ་ཚད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཛམ་གླིང་མཐའ་འཁོར་གྱི་ ཉིནམ་བརྩི་སྲུང་དང་ གལ་གནད་ཅན་གྱི་ ཉིནམ་ཚུ་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་དང་ གོ་བ་བརྡ་སྤྲོད་འབད་ནི་གི་ ལས་རིམ་ཚུ་ ཁྲོམ་སྡེ་དང་ སློབ་གྲྭ་ མི་མང་གི་ས་ཁོངས་ དེ་ལས་ གཙང་ཆུ་དང་ རོང་ཆུ་བདའ་སྟེ་ འཕྲལ་འཕྲལ་སྦེ་ར་ འགོ་འདྲེན་འཐབ་ཨིན་མས།
འདི་འབདཝ་ད་ ང་བཅས་ཀྱིས་ ཕྱགས་སྙིགས་དང་ རག་རོ་ཚུ་ བསྡུ་བསྒྱོམ་འབད་མི་དེ་ གནས་སྐབས་ཅིག་མ་གཏོགས་ རྒྱལ་ཁབ་འདི་ ཡུན་བརྟན་ཐོག་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མི་ཚུགས་ནི་ཨིནམ་ལས་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་ནི་དེ་ ཐབས་ལམ་ལེགས་ཤོམ་ཅིག་མེན་པས།
འདི་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་འབད་རུང་ འཕྲལ་གྱི་དོན་ལུ་མེན་པར་ མ་འོངས་ཡུན་རིང་གི་ མནོ་བསམ་གཏང་ནི་དེ་ ཁག་ཆེ་མི་དེ་ཡང་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ ང་བཅས་ཀྱི་ མཐའ་འཁོར་ལུ་ སྡོད་མི་ཚུ་ བག་ལྷོད་ཅན་ཐལ་ཏེ་ རང་སྡོད་སའི་ སྦོ་ལོགས་ར་ བཙོག་པ་བཟོ་རུང་ ཕྱགས་བདར་རྐྱབ་མི་དང་ རག་རོ་བསྡུ་བསྒྱོམ་འབད་མི་ཡོད་ཟེར་ ཆུ་ཤོག་དང་ གྱིབ་དམ་ གོ་ལ་ར་སྡུག་ ཕྱགས་སྙིགས་ལ་སོགས་པ་ ག་ལྷོད་སར་ བཀོག་ནི་གི་ འོས་འབབ་སྦོམ་ཡོད།
ཕྱགས་སྙིགས་འཛིན་སྐྱོང་དེ་ ཡུན་བརྟན་གནས་ཚུགསཔ་ བཟོ་དགོ་པ་ཅིན་ ཁས་བླངས་པ་ཚུ་ མགྲོན་བརྡ་འབད་དེ་ རག་རོ་ཚུ་ བསྡུ་བསྒྱོམ་འབད་བཅུག་ནི་མེན་པར་ གཙུག་སྡེ་དང་ སློབ་གྲྭ་ བཤད་གྲྭ་ གྲྭ་ཚང་ལ་སོགས་པའི་ ས་གོ་ཚུ་ནང་ཨིན་པ་ཅིན་ དེ་ནང་སྡོད་མི་ཚུ་ལུ་ འགན་འཁྲི་བཀལ་དགོཔ་མ་ཚད་ མི་སྡོད་སའི་ ས་ཁོངས་དང་ ཁྲོམ་ཚུ་ནང་འབད་བ་ཅིན་ དེ་ནང་སྡོད་མི་ཚུ་གིས་ར་ བསྡུ་བསྒྱོམ་འབད་བཅུག་དགོ།
དེ་བཟུམ་སྦེ་ ལྟ་བཤལཔ་ཚུ་ ལ་བཤལ་ལུ་འགྱོཝ་ད་ ལམ་བདའ་སྟེ་ བཙོག་པ་བཟོ་མི་ཚུ་ཡང་ ཁས་བླངས་པ་ཚུ་གིས་ སེལ་ནི་མེན་པར་ ལྟ་བཤལ་ལས་ འོང་འབབ་བཟོ་མི་ ལྟ་བཤལ་ལས་སྡེ་ཚུ་གིས་ སེལ་དགོ་པའི་ ལམ་ལུགས་ངེས་པར་དུ་ བཟོ་དགོཔ་འདུག།
བཅུད་བསྡུ་སྟེ་ ཞུ་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་དེ་ སྤྱི་རུབ་ཀྱི་ འགན་ཁུར་ཨིནམ་བཞིན་དུ་ འབྲུག་རྒྱལ་ཁབ་འདི་ དུས་དང་རྣམ་པ་ཀུན་ཏུ་ ཧིང་སངས་ས་དང་ གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པ་ཅིན་ མི་སེར་ཡོངས་ལུ་ འགན་འཁྲི་བཀལ་དགོཔ་བཞིན་དུ་ གལ་སྲིད་ འགན་འཁྲི་འབག་མ་བཏུབ་པ་ཅིན་ ཉེས་ཁྲིམས་དང་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་ བཀལ་དགོ་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …