ཕྱགས་སྙིགས་བསྡུ་བསྒྱོམ་གྱི་འཐུས་ ཡར་སེང་འབད་མི་ལུ་ སེམས་དང་མ་ལྡནམ།

འཕྲལ་ཁམས་ཅིག་ཁར་ བཀྲིས་གཡང་རྩེ་ཁྲོམ་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་འཐུས་ ཡར་སེང་འབད་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་ སེམས་དང་མ་ལྡན་པས།

ཕྱགས་སྙིགས་བསྡུ་བསྒྱོམ་གྱི་འཐུས་དེ་ སྤྱི་ཟླ་༦ པ་ལས་ རྫོང་ཁག་ཚོགས་འདུའི་གྲོས་ཆོད་དང་འཁྲིལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༢༠ ལས་༡༠༠ གུ་ ཡར་སེང་འབད་ཡོད་རུང་ ཁྲོམ་ཁར་སྡོད་མི་ཚུ་ལས་ ངོས་ལེན་མེདཔ་ཨིན་པས།

ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གྲོས་ཆོད་དེ་ གྲོས་བསྟུན་མ་འབད་བའི་ཧེ་མ་ལས་ བཏོན་ནུག་ཟེར་ཨིནམ་ད་ ས་གནས་ཀྱི་ཚོང་པ་ཅིག་ཨིན་མི་ ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ གླ་འཐུས་བསྐྱར་ཞིབ་འབད་བའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ ཟླཝ་༢ ཀྱི་གླ་འཐུས་ གཅིག་ཁར་འོངམ་ད་ལས་བརྒལ་ མ་ཤེས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཁོང་གིས་ འཐུས་ཡར་སེང་གི་སྐོར་ལས་ ཁྲོམ་སྡེའི་འཐུས་མི་དང་གཅིག་ཁར་ བསྟུན་གྲོས་ཀྱི་དོན་ལུ་ འཛོམས་འདུ་ཚུ་ ག་ནི་ཡང་མ་རྐྱབ་ཟེར་ཨིནམ་ད་ འཐུས་གསརཔ་དེ་བཀལ་བའི་སྐབས་ ང་བཅས་ཁྲོམ་ཁར་སྡོད་མི་ཚུ་ རྣམ་རྟོག་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།

ཁྲོམ་ཁར་སྡོད་མི་ཚུ་གིས་ འཐུས་གསརཔ་བཟོ་མི་དེ་ལུ་ ངོས་ལེན་འབད་མ་ཚུགས་ནི་དེ་གིས་ རྫོང་ཁག་ལུ་ ལོག་བསྐྱར་ཞིབ་འབད་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།

ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཁྲོམ་ཁར་སྡོད་མི་༨༤ གིས་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ལུ་ ཡི་གུ་ཚར་༣ བྲིས་ཡོདཔ་ད་ གནད་དོན་དེ་ སེལ་ཐབས་ལུ་ དམིགས་བསལ་གྱི་ཚོགས་འདུ་དེ་ སྤྱི་ཟླ་༨ པ་མཇུག་བསྡུ་ཁམས་ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་བསྒང་ ཚོགས་འདུ་གིས་ གླ་འཐུས་དེ་ ཟླ་རིམ་བཞིན་དུ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༡༠༠ ལས་༥༠ གུ་ མར་ཕབ་འབད་ཡོདཔ་ཨིན་པས།

ད་རུང་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཁྲོམ་ཁར་སྡོད་མི་ཚུ་གིས་ རྫོང་ཁག་ལུ་ ཁྲོམ་སྡེ་འཐུས་མི་བཏོན་གཏང་དགོ་པའི་ ཞུ་ཡིག་བཙུགས་ཡོད་རུང་ གནས་སྟངས་དེ་གི་སྐོར་ལས་ གཞི་བཞག་ས་སྒྲིང་སྒྲི་ཅིག་མེད་མི་ལུ་བརྟེན་ གནད་དོན་དེ་ རྫོང་ཁག་ཚོགས་འདུ་ནང་ གྲོས་བསྟུན་མ་འབད་བར་བཞག་ནུག།

ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ མ་གཞི་ ཁྲོམ་སྡེ་འཐུས་མི་དེ་ ཁྲོམ་ཁར་སྡོད་མི་ཚུ་གི་མཐའ་དོན་ལུ་ རྫོང་ཁག་དང་ མི་སེར་གྱི་བར་ནའི་ ཟམ་བཟུམ་ཅིག་ཨིན་རུང་ མོ་གིས་ འགན་ཁུར་འབག་མ་ཚུགས་ནི་དེ་གིས་ བཏོན་གཏང་དགོ་པའི་ ཞུ་ཡིག་ཕུལ་ཡི་ཟེར་ཨིན་པས།

ད་རུང་ ཚོང་པ་གཞན་ཅིག་ཨིན་མི་ ཀརྨ་གིས་ སླབ་མིའི་ནང་ མ་གཞི་ ཉོགས་བཤད་བཀོད་མི་དེ་ ཏི་རུ་གི་སྐོར་ལས་མེན་རུང་ གྲོས་ཐག་བཅད་ནིའི་ནང་ མི་མང་བརྩི་འཇོག་འབདཝ་དང་ མ་འབད་བའི་སྐོར་ལས་ཨིནམ་ད་ ང་བཅས་སེམས་མ་དགའ་མི་དེ་ མི་སེར་དང་གཅིག་ཁར་ འབྲེལ་བ་མ་འཐབ་པར་ གྲོས་ཆོད་བཏོན་ནི་དེ་གིས་ ཨིན་ཟེར་ཨིན་པས།

ཁྲོམ་སྡེ་འཐུས་མི་ ཨོ་རྒྱན་ལྷ་མོ་གིས་ སླབ་མིའི་ནང་ མ་གཞི་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་འཐུས་ བསྡུ་ནིའི་སྐོར་ལས་ ལོགས་སུ་སྦེ་ འཛོམས་འདུ་འགོ་འདྲེན་མ་འཐབ་རུང་ གནད་དོན་དེ་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ རྐྱེན་ངན་གྱི་གྲོས་འཛོམས་སྐབས་ གསལ་བཤད་འབད་ཡི་ཟེར་ཨིན་པས།

གྲོས་འཆར་དེ་འབག་འོང་པའི་སྐབས་ ཁྲོམ་ཁ་ལས་ མི་ལེ་ཤ་མིན་འདུག་ཟེར་ཨིནམ་ད་ ཚོགས་འདུ་སྐབས་ལུ་ཡང་ ང་གིས་ འཐུས་ཡར་སེང་འབད་མི་དེ་ འོས་འབབ་མིན་འདུག་ཟེར་ཞུ་རུང་ ཁོང་གིས་ རང་དབང་གི་ཐོག་ལས་ ཐག་བཅད་ཅི་ཟེར་ཨིན་པས།

ཨོ་རྒྱན་ལྷ་མོ་གིས་ སླབ་མིའི་ནང་ མོ་ར་ འཐུས་མི་ཅིག་འབདཝ་བཞིན་དུ་ ཁྲོམ་གྱི་མི་ཚུ་གིས་ རེ་བ་སྦོམ་བསྐྱེད་མི་དེ་ ཡོན་ཏན་གསརཔ་ཅིག་ཨིནམ་ལས་ ད་ལས་ཕར་ དེ་བ་དྲགཔ་སྦེ་ འབད་ནིའི་ཁས་བླངས་ཡོད་ཟེར་ཨིན་པས།

ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཐུས་ཡར་སེང་འབད་དགོ་པའི་ དམིགས་ཡུལ་དེ་ ཁྲོམ་ཁར་ ཞབས་ཏོག་མཁོ་སྤྲོད་ལེགས་བཅོས་འབད་ནིའི་དོན་ལུ་ཨིནམ་ད་ འཐུས་བསྡུ་མི་དེ་གིས་ ཁྲོམ་ཁར་ ཉམས་བཅོས་དང་ སྤུས་ཚད་ཅན་གྱི་ཞབས་ཏོག་ སྔར་བ་དྲགཔ་སྦེ་ བྱིན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ འཐུས་ཡར་སེང་འབད་མི་དེ་གིས་ ཕྱགས་སྙིགས་འབག་མི་ སྣུམ་འཁོར་ཊཱག་དང་ ཊེག་ཊར་ དེ་ལས་ བོ་ལེ་རོ་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ད་ལྟོ་ ཁྲོམ་སྡེ་གིས་ བདུན་ཕྲག་རེ་ནང་ ཕྱགས་སྙིགས་ཐེངས་༣ བསྡུ་བསྒྱོམ་འབད་དོ་ཡོདཔ་ལས་ ཟླ་རིམ་བཞིན་དུ་ འཐུས་བསྡོམས་ཀྱིས་ དངུལ་ཀྲམ་༡༩,༠༠༠ བསྡུ་ལེན་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *