༉ ཧཱ་རྫོང་ཁག་ཚོགས་འདུ་གིས་ ཟླ་རིམ་གྱི་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ནང་ འོང་མ་བཏུབ་མི་ཚུ་ལུ་ ཉེས་བྱ་བཀལ་ནིའི་ ལམ་ལུགས་བཟོ་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་ད་ དེ་ཡང་ རྫོང་ཁག་ནང་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ཨིནམ་ད་ ལས་རིམ་གྱི་ དུས་ཚོད་བཟོ་མི་དང་འཁྲིལ་ མ་ལྷོད་པ་ཅིན་ ཉེས་བྱ་དངུལ་ཀྲམ་༣༠༠ རེ་ ཡང་ཆག་མེད་པར་ བཀལ་ནི་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༩ ལུ་ འགོ་འདྲེན་འཐབ་མི་ རྫོང་ཁག་ཚོགས་འདུ་གིས་ ཕྱགས་བདར་ལས་རིམ་ གྲུབ་འབྲས་ཅན་སྦེ་ བཟོ་ཐབས་ལུ་ སྣུམ་འཁོར་ཚུ་ཡང་ བྱིན་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དབུས་སུ་རྒཔོ་ ཉི་མ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ རྒེད་འོག་གི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ ཁོང་རའི་ཁྱིམ་ནང་གི་ ཕྱགས་སྙིགས་ཚུ་ ས་ཁོངས་ག་རའི་ནང་ བཀོག་བཞག་དོ་ཡོདཔ་ལས་ དེ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོདཔ་མ་ཚད་ རང་བཞིན་གནས་སྟངས་ལུ་ཡང་ གནོད་པ་སྦོམ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་ཚན་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ སྤྱི་ཟླ་༣ པ་ལས་འགོ་བཙུགས་ ཟླ་རིམ་བཞིན་དུ་ སྤྱི་ཚེས་༡༥ ལུ་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ཧཱ་རྫོང་རབ་ ཕུར་པ་དབང་འདུས་ཀྱིས་ སླབ་མིའི་ནང་ རྒེད་འོག་ཚུ་གི་ཁ་ཐུག་ལས་ དེ་བཟུམ་མའི་ ལས་རིམ་འགོ་བཙུགསཔ་ད་ རྫོང་ཁག་གིས་ རྒྱབ་སྐྱོར་འབད་དགོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ རྫོང་ཁག་གི་ སྣུམ་འཁོར་ཚུ་གིས་ མ་ལང་རུང་ ཟླ་རིམ་གྱི་ ཕྱགས་བདར་ལས་རིམ་དོན་ལུ་ སྣུམ་འཁོར་༡ གྲ་སྒྲིག་སྦེ་ བཞག་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉེས་བྱ་བཀལ་ནིའི་ལམ་ལུགས་དེ་ གཅིག་མཚུངས་བཟོ་དགོ་ཟེར་ཨིནམ་ད་ ད་ལྟོ་ ཉེས་བྱའི་ལམ་ལུགས་དེ་ དབུས་སུ་རྒེག་འོག་རྐྱངམ་གཅིག་ནང་ཨིན་རུང་ ས་དམར་རྒེད་འོག་ནང་མེདཔ་ལས་ ལམ་ལུགས་དེ་ ལག་ལེན་འཐབ་མ་ཚུགས་པར་ ལུས་འོང་ཟེར་ཨིན་པས།
འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཕྱགས་བདར་ལས་རིམ་དེ་གིས་ ག་ར་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ཞབས་ཏོག་དེ་ ཕན་ཁྱད་ཆེ་བའི་ཁར་ འབྲེལ་བ་ཡོད་མི་ཅིག་ཨིནམ་ད་ ཕྱགས་སྙིགས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ རྒེད་འོག་ག་ར་གིས་ མཉམ་རུབ་ཐོག་ལས་ ལཱ་འབད་བ་ཅིན་ གྲུས་འབྲས་ཅན་སྦེ་ འཐོན་ཚུགས་ཟེར་ཨིན་རུང་ ལམ་ལུགས་དེ་ གཅིག་མཚུངས་བཟོ་དགོ་ཟེར་ཨིན་པས།
ཟླ་རིམ་བཞིན་དུ་ སྤྱི་ཚེས་༩ ལུ་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ ལས་རིམ་དེ་གི་སྐབས་ འཁོར་ལམ་བདའ་སྟེ་ ལྕེ་ལེ་ལ་ཚུན་ ཕྱགས་བདར་རྐྱབ་དོ་ཡོདཔ་ཨིན་རུང་ སྣུམ་འཁོར་མེད་མི་ལུ་བརྟེན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ བསམ་གཏན་གྱིས་ སླབ་མིའི་ནང་ སྦྱིས་རྒེད་འོག་རྐྱངམ་གཅིག་ནང་ར་ གཡུས་ཚན་ལེ་ཤ་ཡོདཔ་ལས་ སྣུམ་འཁོར་གྱིས་ གཡུས་ཚན་ག་རའི་ ཕྱགས་སྙིགས་འབག་ཚུགས་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིནམ་ད་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཚར་བའི་ཤུལ་ལུ་ སྣུམ་འཁོར་མ་ལྷོད་པ་ཅིན་ རླུང་མ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བསྐྱལ་སྲིད་ནི་ཨིནམ་ལས་ མི་ཚུ་གིས་ ལཱ་འབད་མི་དེ་ གྲུབ་འབྲས་མེདཔ་སྦེ་ བཟོ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ནང་ ལྷན་ཐབས་འབད་ཐབས་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་ ལམ་ལུགས་དང་འཁྲིལ་ སྤྱི་འོག་ག་རའི་ནང་ ཕྱགས་སྙིགས་བཀོག་ས་རེ་ དགོ་ཟེར་ཨིན་པས།
འཕྲིན་ལས་ཀྱིས་ སླབ་མིའི་ནང་ ས་དམར་རྒེད་འོག་ ཨ་ན་ཁ་ལུ་ཡོད་པའི་ ཕྱགས་སྙིགས་བླུགས་ས་དེ་ ཕྱགས་སྙིགས་ཀྱིས་ གང་ནུག་ཟེར་ཨིནམ་ད་ ལམ་ལུགས་དེ་གིས་ རྫོང་ཁག་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ ཕན་ཐོགས་བྱུང་དོ་ཡོད་རུང་ ལྟ་རྟོག་གི་ འགན་ཁུར་དེ་ ད་ལྟོ་ཡང་ ཁ་གསལ་མིན་འདུག་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུ་གིས་ ཁྲོམ་དང་ རྒེད་འོག་༦ པོ་ཆ་རའི་ནང་ ཉེས་བྱའི་ལམ་ལུགས་ ཆ་འཇོག་འབད་ཡོདཔ་ད་ དབུས་སུ་རྒེད་འོག་བཟུམ་སྦེ་ ཕྱགས་བདར་ལས་རིམ་གྱི་ ཚེས་གྲངས་ཚུ་ ཤུལ་མའི་ རྫོང་ཁག་ཚོགས་འདུ་ནང་ ཆ་འཇོག་འབད་ནི་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།