ཕྱགས་སྙིགས་ཀྱི་དཀའ་ངལ་ སེལ་ཐབས་འབད་ནི་ལུ་ མཉམ་འབྲེལ་འབད་དགོཔ།

༉ ཤུག་པའི་ཤིང་དང་ ཨེ་ཏོག་མེ་ཏོག་ ལ་ཁའི་མེ་ཏོག་སྣ་ཚོགས་ཀྱིས་ མཐའ་བསྐོར་ཏེ་ཡོད་མི་ ལ་ཡ་གཡུས་ཚན་དེ་ མཛེས་ཆ་དང་ལྡན་པའི་ཁར་ ལ་ནོར་གཡག་དང་ འདབ་ཆགས་ཀྱི་རིགས་ དེ་ལས་ རི་དྭགས་སེམས་ཅན་ཚུ་ འཁྱམས་སྡོད་སར་ མཐོངམ་ཨིན་མས།
རྒྱ་མཚོའི་གནས་ཚད་ལས་ ས་ཁ་མཐོ་ཚད་མི་ཊར་༣,༨༠༠ ལུ་ཆགས་ཏེ་ཡོད་མི་ སྦས་ཡུལ་དང་འདྲ་བའི་གཡུས་ཚན་དེ་ མཐོ་ཚད་མི་ཊར་༧,༡༠༠ འབད་མི་ མ་ས་གངས་ཀྱི་སྐེད་པར་ ཆགས་ཡོདཔ་བཟུམ་སྦེ་ མཐོངམ་ཨིན་མས།
གོང་འཕེལ་གྱི་འགྱུར་བ་དང་བསྟུན་ ལ་ཡ་གཡུས་ཚན་དེ་ ཧེ་མ་དང་ཕྱདཔ་ད་ ཡར་དྲག་སོང་ཡོདཔ་ལས་ ད་རེས་ནངས་པ་ ཁྲོམ་སྡེ་ནང་བྱུང་མི་ ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ཡང་ ཐོན་དོ་ཡོདཔ་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ས་གནས་ནང་ མི་མང་སུ་ལྷོད་མི་དང་བསྟུན་ ཕྱགས་སྙིགས་ཚུ་ཡང་ མང་སུ་སྦེ་ར་ ཐོན་དོ་ཡོདཔ་ད་ མ་གཞི་ ལ་ཡཔ་ཚུ་གིས་ ཕྱགས་སྙིགས་ཚུ་ སླར་བཟོའི་དོན་ལུ་ ཕྱི་སེལ་རྐྱབ་ཚུགས་རུང་ ལམ་ཐག་རིང་ནི་དེ་གིས་ སྐྱེལ་འདྲེན་འབད་ནི་ལུ་ གདོང་ལེན་བྱུངམ་ཨིན་མས།
ཁྲོམ་སྡེ་ནང་སྡོད་པའི་ ཉམས་མྱོང་དང་འཁྲིལཝ་ད་ ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ གདོང་ལེན་ཅན་ཅིག་སྦེ་ར་ ལུས་ནི་ཨིནམ་ད་ དེ་ཡང་ ཉེ་བར་མཁོ་བའི་ཅ་ཆས་ཚུ་ གང་མང་ཉོ་སྒྲུབ་འབད་མི་དང་བསྟུན་ ཕྱགས་སྙིགས་རག་རོག་ཚུ་ཡང་ མང་སུ་སྦེ་ར་ ཐོནམ་ཨིན་མས།
ཧེ་མ་ མཐའ་ཟུར་གཡུས་ཚན་ཅིག་ཨིན་མི་ ལ་ཡ་ལུ་ ད་རེས་ནངས་པར་ ཐིམ་ཕུག་གི་ ཚོང་ཁང་ཚུ་ནང་བཟུམ་སྦེ་ ཉེ་བར་མཁོ་བའི་ ཅ་ཆས་སྣ་ཚོགས་ འཐོབ་ཚུགས་དོ་ཡོདཔ་ད་ དེ་དང་བསྟུན་ ཆུ་ཤོག་དང་ ཤེལ་དམ་ལ་སོགས་པའི་ རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ རང་བཞིན་གྱིས་ འཐོན་ནི་ཨིན་མས།
རྒེད་འོག་ནང་ མགྱོནམ་ཚུ་ལྷོད་པའི་སྐབས་ ལ་ཡ་གི་ སློབ་ཕྲུག་ཚུ་གིས་ ཕྱགས་བདར་ལས་རིམ་རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དེ་གིས་ ཕྱགས་སྙིགས་ཀྱི་དཀའ་ངལ་ སེལ་ཐབས་འབད་མི་ཚུགས་ནི་ཨིནམ་ད་ ས་གནས་ནང་ ལ་ཡཔ་ཚུ་རྐྱངམ་གཅིག་སྡོད་པ་ཅིན་ མི་རློབས་ཉུང་ནི་དེ་གིས་ ཧིང་སངས་ས་སྦེ་ བཞག་ཚུགས་ནི་ཨིན་རུང་ གནས་སྟངས་ལུ་ལྟཝ་ད་ ལཱ་ཁག་རྐྱབ་ནི་བཟུམ་ཅིག་འདུག།
ས་གནས་ནང་སྡོད་མི་ཚུ་གིས་ ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ ལྟ་སྐོར་ནང་འོང་མི་ཚུ་ལུ་བརྟེན་ བྱུངམ་མས་ཟེར་ ཁ་ཉེས་བཀལ་དོ་ཡོདཔ་ད་ ཕྱོགས་གཅིག་ལས་བལྟ་བ་ཅིན་ ལ་ཡ་ལུ་ ལྟ་སྐོར་འབད་མི་ཚུ་ མང་ཤོས་ར་ འགོ་དཔོན་དང་ ལྟ་བཤལཔ་ དེ་ལས་ ཁྲོམ་སྡེ་ནང་སྡོད་མི་ཚུ་ཨིནམ་ལས་ བསམ་སྤྱོད་ལེགས་ཤོམ་ སྟོན་དགོཔ་ཨིན་མས།
བདུན་ཕྲག་འདི་ནང་ ལ་ཡ་ལུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ འགོ་འདྲེན་འཐབ་མི་དང་བསྟུན་ མི་བརྒྱ་ལས་བཅད་དེ་ ས་གནས་ནང་འཛོམས་ཡོདཔ་ལས་ ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ ལྷག་པར་དུ་ འཐོན་ནི་ཨིནམ་ད་ གལ་སྲིད་ དགའ་སྟོན་ནང་འོང་མི་ཚུ་གིས་ ལོག་འགྱོཝ་ད་ རང་སོའི་ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ འབག་པ་ཅིན་ དུས་རྒྱུན་དུ་ ས་གནས་ནང་སྡོད་མི་ཚུ་ལུ་ གདོང་ལེན་མི་འབྱུང་ནི་ཨིན་མས།
ལ་ཡ་ལུ་འགྱོ་མི་ ལྟ་བཤལཔ་ཚུ་གིས་འབད་རུང་ གྱིབ་ཤོག་གི་ ཕོརཔ་དང་ཐ་ལི་ཚུ་ ལག་ལེན་འཐབ་ཚར་བའི་ཤུལ་ལུ་ ག་ལྷོད་བཀོག་ནི་མེན་པར་ རང་སོའི་ དུས་རྒྱུན་སྤྱོད་མི་ ཕོརཔ་དང་ཐ་ལི་ཚུ་ འབག་འགྱོའི་ཐབས་ཤེས་བཏོན་པ་ཅིན་ ཕྱགས་སྙིགས་ཀྱི་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབད་ཚུགས།
ལ་ཡ་ལུ་ ལྟ་སྐོར་འབད་མི་ཚུ་གིས་ བཀོག་བཞག་མི་ ཕྱགས་སྙིགས་རག་རོག་ཚུ་ ལ་ཡཔ་རྐྱངམ་གཅིག་གིས་ སེལ་ཐབས་འབད་མི་ཚུགས་ནི་ཨིནམ་ལས་ ག་ར་གིས་ མཉམ་འབྲེལ་འབད་དགོཔ་ཨིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *