གསོ་བའི་འགོ་དཔོན་ཅིག་གིས་ སློབ་ཕྲུག་ཚུ་ལུ་ ནད་གཞིའི་སྐོར་ལས་ གོ་བརྡ་སྤྲོད་པའི་བསྒང་།

ཕོཝ་སྦོ་ན་ཚ་ དར་ཁྱབ་སོང་མི་དེ་ ཚད་འཛིན་ འབད་ཚུགས་ཡོདཔ།

༉ བཀྲིས་གཡང་རྩེ་ ཀུན་བཟང་གླིང་སློབ་གྲྭ་ལྟེ་བའི་ནང་ ཉིན་གྲངས་༤ གི་རིང་ གེསི་ཊོ་ཨེན་ཊ་རེའི་ཊིསི་ཟེར་ ཕོཝ་སྦོ་ན་ཚ་ དར་ཁྱབ་སོང་ཡོད་རུང་ ད་ལྟོ་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ འགོ་དང་པ་ར་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ སློབ་ཕྲུག་༣ ལུ་ ནད་གཞི་ཐོབ་པའི་ཤུལ་ལས་ དེ་གི་ནངས་པར་ སློབ་ཕྲུག་༡༡ ལུ་ ན་ཚ་ཐོབ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་ཚེ་ར་ སྟོང་ཞངས་གཞི་རྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ནད་གཞི་དེ་ཡང་ སློབ་ཕྲུག་བུཚ་༡༤ གིས་ ཐོབ་ནུག་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ གཞི་རྟེན་སྨན་ཁང་གི་ འགོ་དཔོན་ཚུ་གིས་ ཁམས་དྭངས་སྨན་ཁང་སྡེ་རིམ་དང་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ སྨན་ཁང་གི་སྨན་བཅོས་འགོ་དཔོན་རྣམ་རྒྱལ་གྱིས་ སློབ་གྲྭ་དེ་ནང་སོང་སྟེ་ བརྟག་ཞིབ་ཅིག་འབད་བའི་སྐབས་ གནད་དོན་སྦོམ་ཅིག་ མ་མཐོང་ཟེར་ཨིན་པས།
རྣམ་རྒྱལ་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་ ཁ་ལས་བསྐྱུག་ གཟུགས་དྲོད་འབར་རྐྱབ་ ཨ་བ་བཤལ་ཏེ་ཡོད་མི་ལུ་ བལྟ་བ་ཅིན་ བཞེས་སྒོ་ལུ་བརྟེན་ ཐོབ་ཐོབ་བཟུམ་ཅིག་ མཐོང་ཅི་ཟེར་ཨིནམ་ད་ གལ་སྲིད་ ནད་གཞི་དེ་ དུས་ཚོད་ཁར་ སྨན་བཅོས་མ་འབད་བ་ཅིན་ གཟུགས་ཀྱི་ཆུ་སྐམ་འགྱོ་ནིའི་ ཉེ་ཁ་ཡོད་ཟེར་ བཤདཔ་ཨིན་པས།
ནད་གཞི་ཐོབ་མི་ སློབ་ཕྲུག་ཚུ་ཡང་ སྨན་བཅོས་འབད་བར་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ བཀྲིས་གཡང་རྩེ་རྫོང་ཁག་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ཁ་ཙ་ ལོག་ཁྱིམ་ནང་ བཏང་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༡༠ ལས་ གཡུས་སྒོའི་ལོ་བསྟར་ཆོས་འཁོར་ཅིག་ཨིནམ་ལས་ སློབ་ཕྲུག་ཚུ་ ངལ་གསོ་སྦེ་ ཁྱིམ་ནང་བཏང་ཡི་ཟེར་ཨིནམ་ད་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ སློབ་ཕྲུག་ཚུ་ ལོག་སློབ་གྲྭ་ནང་ འོང་པའི་སྐབས་ རང་སོའི་ཁྱིམ་ནང་ལས་ ལྟོ་བཅིངས་འབག་མི་ཚུ་ ཁོང་ར་སྡེ་ཚན་སྦེ་ ཟ་བའི་ཤུལ་ལས་ ནད་ཐོབ་ནུག་ཟེར་ཨིན་པས།
ནད་གཞི་ཐོབ་མི་ཚུ་ཡང་ ནང་སྡོད་སློབ་ཕྲུག་ཚུ་ཨིནམ་ད་ དབུ་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ སློབ་ཕྲུག་ཚུ་ཡང་ ཁ་ཙ་ སྨན་ཁང་ལས་ ལོག་བཏང་ཡོད་རུང་ སློབ་གྲྭ་ནང་ འོང་ནི་ལུ་ ཉིན་གྲངས་༥ དེ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ མ་འོངས་པར་ ནད་གཞི་དེ་ མི་འཐོབ་ནིའི་དོན་ལུ་ ཐབས་ཤེས་ཚུ་ཡང་ བཏོན་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ སེངྒེ་རྡོ་རྗེ་གིས་ ཕོཝ་སྦོ་ནད་དར་ཁྱབ་དེ་ ན་ཧིང་ སྦས་གླིང་སློབ་གྲྭ་ལྟེ་བའི་ནང་ཡང་ ཐོན་ཡོདཔ་བཞིན་དུ་ དུས་ཅི་ ནད་གཞི་ཐོབ་མི་དེ་ འགོ་དང་པ་ཨིན་ཟེར་ བཤདཔ་ཨིན་པས།
ཕོཝ་སྦོ་ན་ཚ་དེ་ ཕོཝ་སྦོ་བའི་ཁར་ ན་ཟུག་རྐྱབ་སྟེ་ ན་བའི་ན་ཚ་ཅིག་ཨིནམ་ད་ ནད་རྟགས་དེ་ཡང་ དྲོད་འབར་ནི་དང་ ཆབ་གསང་བཤལ་ནི་ ཁ་ལས་བསྐྱུག་ནི་ ཕོཝ་ན་ནི་ལ་སོགས་པ་ཚུ་ འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *