༉ དབང་འདུས་ ཕོབ་སྦྱིས་ཁའི་ལུང་གཤོང་དེ་ ལྟ་བཤལཔ་འོང་སའི་ ས་ཁོངས་ངོ་མ་ཅིག་ཨིན་རུང་ ད་རེས་ གཞི་རྟེན་མཁོ་ཆས་ཚུ་ གོང་འཕེལ་སོང་མི་ལུ་བརྟེན་ ས་གནས་ཀྱི་ སྐྱེ་ལྡན་རིགས་སྣ་ལུ་ གནོད་སྐྱོན་བྱུང་དོ་ཡོད་པའི་ ཚ་གྱང་ཡོདཔ་ཨིན་པས།
ཕོབ་སྦྱིས་ཁ་ལུ་ ལྟ་བཤལཔ་འོང་མི་དེ་ཡང་ འཛམ་གླིང་ནང་ དཀོན་དྲགས་ཅན་གྱི་བྱ་རིགས་ ཁྲུང་ཁྲུང་སྐེ་ནག་འཁྱམས་སའི་ ས་ཁོངས་འབད་ནི་དེ་གིས་ཨིན་པས།
ཨིན་རུང་ ད་རེས་ ལུང་གཤོང་ནང་ འཁོར་ལམ་སེལ་མི་དང་ ཁྱིམ་དང་ཟ་ཁང་ཚུ་རྐྱབ་མི་ དེ་ལས་ མི་རློབས་ཡར་སེང་སོང་མི་དེ་གིས་ ལུང་གཤོང་གི་ སྐྱེ་ལྡན་རིགས་སྣ་ ཆུ་དང་རྩྭ་ དེ་ལས་ འབུབ་སྲིན་ཚུ་ལུ་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས།།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ལྟ་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ ལུང་གཤོང་ནང་ རྩི་ས་བཏང་ཐོག་ལས་ འཁོར་ལམ་སེལ་མི་ལུ་བརྟེན་ སྔོ་ལྗང་ལྡན་པའི་ རང་བཞིན་གནས་སྟངས་ མེདཔ་བཏང་ཡོདཔ་མ་ཚད་ མི་ཚུ་གིས་ ཕྱགས་སྙིགས་ག་ལྷོད་སར་ བཀོག་ནི་དེ་གིས་ རོང་ཆུ་དང་ ཆུ་ཆུང་ཀུ་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས།
བཟའ་ཁང་དང་ ཁྱིམ་རྐྱབ་ནི་དེ་གིས་ ལུང་གཤོང་གི་ཁྱབ་ཚད་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་མ་ཚད་ སྒྲིང་ཁྱིམ་ཚུ་ལུ་བརྟེན་ ཁྲུང་ཁྲུང་འཁྱམས་ནི་ལུ་ཡང་ བར་རྐྱེན་སྦོམ་སྦེ་ར་ རྐྱབ་ཅི་ཟེར་ཨིནམ་ད་ ད་རེས་ ལུང་གཤོང་དེ་ནང་ ཟ་ཁང་དང་སྒྲིང་ཁྱིམ་ ཐོག་ཚད་༣ དང་༤ འབད་མི་ཡང་ རྐྱབ་སྟེ་ཡོདཔ་ཨིན་པས།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ལས་བྱེདཔ་ འཇིགས་མེད་ཀྱིས་ སླབ་མིའི་ནང་ ལུང་གཤོང་ནང་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཞག་མི་དེ་གིས་ བྱ་ཁྲུང་ཁྲུང་ལུ་ཡང་ གནོད་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་ཡང་ ཕྱགས་སྙིགས་ཚུ་ནང་ རྫས་སྦྱོར་འོང་ནི་ཨིནམ་ལས་ དེ་ཚུ་ བྱ་གིས་ཟ་བ་ཅིན་ ཤི་ནིའི་ཉེན་ཁ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ཕྱགས་སྙིགས་དེ་ ག་ལྷོད་བཀོག་བའི་སྐབས་ བྱ་འོང་མ་བཏུབ་པའི་ ཉེན་ཁ་ཡོད་མི་དེ་ ཁྲུང་ཁྲུང་གི་དོན་ལུ་ འཁྱམས་སའི་ས་ཁོངས་དེ་ གཙང་ཏོག་ཏོ་དགོཔ་མ་ཚད་ ཁུ་སིམ་སི་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ནངས་པར་ ས་གནས་ཀྱི་ སོ་ནམ་པ་ཚུ་གིས་ ཀེ་བ་འཛུགས་སྐྱོང་འབད་བའི་སྐབས་ རྫས་སྦྱོར་ཡོད་པའི་ལུད་ཚུ་ ལག་ལེན་འཐབ་མི་དེ་གིས་ཡང་ བྱ་ཁྲུང་ཁྲུང་ཚུ་ ན་ནིའི་ཉེན་ཁ་ཡོདཔ་ད་ བྱ་དེ་གིས་ དུས་ཚོད་མང་ཤོས་ཅིག་ ཀེ་བའི་ཞིང་ཚུ་ནང་ལས་ ལྟོ་འཚོལ་ཟ་ནི་དེ་གིས་ཨིན་པས།
ལོ་བསྟར་བཞིན་དུ་ ལུང་གཤོང་དེ་ནང་ ཁྲུང་ཁྲུང་སྐེ་ནག་༤༠༠ ལྷགཔ་ཅིག་ འཁྱམས་སྡོད་དོ་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ཚུ་ལས་ བྱ་ལྟ་ནིའི་དོན་ལུ་ ལྟ་བཤལཔ་སྟོང་ཕྲག་ལས་བཅད་དེ་ འོང་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ འོང་འབབ་བཟོ་དོ་ཡོདཔ་ལས་ ལུང་གཤོང་དེ་ ག་དེ་དྲག་དྲག་ བདག་འཛིན་འཐབ་དགོཔ་ཁག་ཆེ་ཟེར་ རང་བཞིན་གནས་སྟངས་ཀྱི་ མཁས་མཆོག་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།