༉ བཀྲིས་སྒང་རྫོང་ཁག་ ཕོང་ཤིང་ལུ་ ཡ་ལས་མར་ རྡོ་རྦོབ་རིལ་འོངམ་ད་ གནས་སྐབས་ཀྱི་ ཁྱིམ་ཆུང་གུ་ ཕོག་མཆིསཔ་ལས་ དེ་ནང་སྡོད་མི་ བཟའ་གྲོགས་ཕོ་མོ་གཉིས་ཆ་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ ཕོང་ཤིང་ལས་ར་ཨིན་རུང་ སྐྱེས་ལོ་༣༢ ལང་མི་ ཚེ་འདས་གནས་ཚང་དེ་ མོང་སྒང་སྔ་ཚང་ལས་ཨིན་པས།
ཚེ་འདས་རྨགཔ་དེ་ ལྷ་བྲིས་ཀྱི་ ལཱ་འབད་དེ་ སྡོད་མི་ཨིནམ་ད་ ཁོ་གི་གནས་ཚང་དེ་ ཅ་ཆས་རག་རོ་ཚུ་ ཚོང་འབྲེལ་འཐབ་སྡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྐྱེན་ངན་དེ་ ནམ་བྱུང་བྱུངམ་ཨིན་ན་དང་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ མ་ཤེས་རུང་ གནས་སྐབས་ཀྱི་ ཁྱིམ་དེ་ནང་ ཁོང་བཟའ་ཚང་གཉིས་ སྡོད་དོ་ཡོདཔ་ད་ རྐྱེན་ངན་བྱུང་པའི་སྐབས་ ཁྱིམ་ནང་ ཁོང་གཉིས་མ་གཏོགས་ མེདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མིའི་ནང་ རྐྱེན་ངན་བྱུང་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པ་ཅིག་གིས་མཐོང་སྟེ་ སྙན་ཞུ་འབད་བའི་ཤུལ་ལུ་ བལྟ་བར་འགྱོ་བའི་བསྒང་ལས་ ཁོང་གཉིས་ཆ་ར་ ཤི་སོ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ རྐྱེན་ངན་བྱུང་སའི་ ཁྱིམ་ལྟག་ལས་ བཟོ་སྐྲུན་གྱི་ ལཱ་ག་ནི་ཡང་མེདཔ་ལས་ རྡོ་དེ་ ག་དེ་སྦེ་ རྦོབ་རིལ་འོང་ཡོདཔ་ཨིན་ན་ ཆུ་ཚོད་ག་དེམ་ཅིག་ཁར་ རྐྱེན་ངན་བྱུང་ཡོདཔ་ཨིན་ན་ ག་གིས་ཡང་ མ་མཐོང་ནི་དེ་གིས་ ད་ལྟོ་ ག་ཅི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།
ཕོང་ཤིང་དེ་ བཀྲིས་སྒང་ལུ་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལས་ ཀི་ལོ་མི་ཊར་༡ གི་ ས་ཁར་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།