ཕོ་སྐྱེས་ཅིག་ འགོ་འཛིན་རྫུས་མ་བཟོ་བའི་ བཙོན་ཁྲིམས་ལོ་༥ ལྷགཔ་ཅིག་ ཕོག་ཡོདཔ།

༉ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་གིས་ འགོ་འཛིན་རྫུས་མ་བཟོ་ཐོག་ལས་ ཨར་རྐུན་ཡང་བསྐྱར་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ དང་ ཟླཝ་༢ བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༨ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ འཇིགས་མེད་འཕྲིན་ལས་ཀྱིས་ སྤྱི་ལོ་༢༠༡༣ ལུ་ཡང་ དེ་བཟུམ་མའི་ བྱ་ངན་འབད་མི་ལུ་བརྟེན་ ཐིམ་ཕུག་ཁྲིམས་ཁྲི་༣ པ་གིས་ ཉེས་ཕྲའི་ཉེས་ཁྲིམས་ ལོ་༡ བཀལ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༤ ཟླ་༣ པའི་ཚེས་༡༨ ལུ་ཡང་ བྱ་ངན་ཅོག་འཐདཔ་འབད་མི་ལུ་བརྟེན་ ད་རུང་ ཐིམ་ཕུག་རྫོང་ཁག་ ཁྲིམས་ཁྲི་༡ པ་གིས་ དབྱེ་རིམ་༤ པའི་བཙོན་ཁྲིམས་ ལོ་༣ བཀལ་ཡོདཔ་ལས་ ད་རེས་ཀྱི་ བྱ་ངན་དེ་ཡང་ བསྐྱར་ཟློས་ཀྱི་བྱ་ངན་ཨིནམ་ལས་ མཐོ་སུ་སྨིན་དགོཔ་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཉེས་འཛུགས་ཅན་གྱིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༨ ལུ་ ཨམ་སྲུ་ཅིག་ དགེ་ལེགས་ཕུག་ཁྲོམ་ཁར་ ཕྱད་པའི་ཤུལ་ལས་ མགུ་སྐོར་རྐྱབ་ནིའི་དོན་ལུ་ ཁོ་ར་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གནས་ཚུལ་བསྡུ་ལེན་འབད་མི་ ཨིན་ཟེར་སླབ་སྟེ་ ངོ་ཤེསཔ་བཟོ་ཡོདཔ་ཨིན་པས།
དེ་གི་ནངས་པར་ ཁོ་གིས་ ཉམས་རྒུདཔ་མོ་ར་ ནདཔ་ཅིག་འབདཝ་ལས་ ཁོ་གིས་ གོ་སྐབས་ལེན་ཏེ་ མོ་རའི་ཁྱིམ་ནང་སོང་སྟེ་ མོ་གི་ལག་པར་ གསེར་གྱི་མཛུབ་དཀྱི་མཐོངམ་ད་ དེ་གིས་གཟུགས་ལུ་ ནད་གཞི་ཀེན་སར་འཐོབ་ནིའི་ ཉེན་ཁ་ཡོད་ཟེར་ མ་བཙུགས་པར་བཞག་དགོཔ་སྦེ་ སླབ་མི་ལུ་ ཉམས་རྒུདཔ་གིས་ཡང་ ཨིནམ་འདྲས་མནོ་སྟེ་ ཕུད་ཞིནམ་ལས་ དངུལ་ཁུག་ནང་ བཙུགས་བཞག་ཡོདཔ་ཨིན་པས།
དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པའི་གཟུགས་ཁར་ ཁྲག་མ་ལང་པའི་ དཀའ་ངལ་ཡོད་ཟེར་སླབ་ད་ ཁོ་གིས་ ཞལ་འདེབས་འབད་ནི་ཟེར་སླབ་སྟེ་ དེ་གི་ནངས་པར་ སྨན་ཁང་ནང་སོང་སྟེ་ ཁྲག་གི་ཞལ་འདེབས་འབད་མི་ཚུ་ག་ར་ ཁོ་གིས་ གསེར་གྱི་མཛུབ་དཀྱི་དང་ཏི་རུ་ ཨར་རྐུན་འབད་ནིའི་དོན་ལུ་ འཆར་གཞི་བརྩམས་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ ཁོ་གིས་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ ཉམས་རྒུད་པའི་ གསེར་གྱི་མཛུབ་དཀྱི་དང་ དངུལ་ཀྲམ་༢༠༠༠ འབག་ཡོདཔ་སྦེ་ ཁ་བཟེད་པའི་ཁར་ ཉམས་རྒུདཔ་དང་གཅིག་ཁར་ སྤྱི་ལོ་༢༠༡༧ ཟླཝ་༡ པའི་ཚེས་༢༨ ལུ་ ཕྱད་ནུག།
སྤྱི་ཚེས་༢༩ ལུ་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པ་ལུ་ ཁྲག་གི་ཞལ་འདེབས་ བྱིན་པའི་ཤུལ་ལས་ ཉམས་རྒུད་པའི་དོན་ལུ་ རྒྱ་གར་གྱི་ཁྲོམ་ དཱད་ག་རི་ལུ་སོང་ཞིནམ་ལས་ སྨན་ཉོ་འབག་སྟེ་ ལོག་ཁྱིམ་ནང་ལྷོདཔ་ད་ ཉམས་རྒུདཔ་མོ་ར་ ཁྱིམ་གྱི་ཕྱི་ཁར་འགྱོ་སྡོདཔ་ད་ དངུལ་ཁུག་དང་ གསེར་གྱི་མཛུབ་དཀྱི་ འབག་འགྱོ་བའི་ཤུལ་ལས་ དགེ་ལེགས་ཕུག་ཁྲོམ་ཁར་ཡོད་མི་ གསེར་གྱི་ཚོང་པ་ ཅུང་བ་ཏ་མི་ཟེར་མི་ལུ་ བཙོང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་གྱིས་ གསེར་གྱི་མཛུབ་དཀྱི་ ཨར་རྐུན་འབད་ནིའི་དོན་ལུ་ ཧེ་མ་ལས་ འཆར་གཞི་བརྩམས་ནུག་ཟེར་ ཞུ་ཡོདཔ་ཨིན་པས།
ཉམས་རྒུདཔ་མོ་ར་ མཁལ་རྡོག་གི་ ནདཔ་ཅིག་འབདཝ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྡོད་དགོ་ནི་དེ་གིས་ རྩོད་བཤེར་སྐབས་ཁྲིམས་འདུན་ལུ་ འོང་མ་ཚུགས་རུང་ ཤུལ་ལས་ མོ་ར་ ཚེ་འདས་སོང་བའི་ཤུལ་ལས་ མོ་རའི་བུ་གིས་ ཁྲིམས་འདུན་ལུ་ ཨའི་གསོན་པོ་སྦེ་ སྡོད་པའི་སྐབས་ལུ་ར་ མཛུབ་དཀྱི་དེ་ ལོག་ཐོབ་ཡོདཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་འཐབ་མི་ བྱ་ངན་ཚུ་ བསྐྱར་ཟློས་ཨིནམ་ལས་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ཀྱི་ དོན་ཚན་༨༤ དང་༨༥ པ་ལྟར་ འགོ་འཛིན་རྫུས་གཟུགས་ཀྱི་ ཉེས་ལས་འཐབ་མི་དེ་ ཐེངས་༣ པ་ཨིནམ་ལས་ ད་རེས་ཀྱི་ཐད་ལུ་ ཧེ་མ་ བཀལ་མི་ཉེས་ཁྲིམས་ལས་ མཐོ་སུ་ཐོག་ དབྱེ་རིམ་༣ པའི་ཉེས་ཁྲིམས་ལོ་༥ བཙོན་ཁྲིམས་སྦེ་ བཀལ་ཡོདཔ་ཨིན་པས།
ད་རུང་ ཁྲིམས་འདུན་གྱིས་ ཚེ་འདས་ཀྱི་ གསེར་གྱི་མཛུབ་དཀྱི་དང་ དངུལ་ཀྲམ་༢༠༠༠ ཨར་རྐུན་འབད་མི་ལུ་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ཟླཝ་༢ བཀལ་ཡོདཔ་ལས་ ཁོ་ར་ སྤྱི་ལོ་༢༠༡༧ ཟླཝ་༢ པའི་ཚེས་༡༣ ལུ་ འཛིན་བཟུང་འབད་མི་ལས་ འགོ་བཙུགས་ སྤྱི་ལོ་༢༠༢༢ ཟླཝ་༢ པའི་ཚེས་༡༢ ཚུན་ བཙོན་ཁྲིམས་འབག་དགོཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ མཐོ་གཏུགས་འབད་ནི་གི་ ལོ་རྒྱུས་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *