༉ ཁ་ཙ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ རིན་ཆེན་སྡིངས་ཞིབ་དཔྱད་སྒོ་ར་ལས་ སྐྱོས་ལོ་༤༨ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་མི་དེ་ཡང་ ཁོ་གིས་ ཚུལ་མིན་གྱི་སྒོ་ལས་ ག་རམ་༤.༥ འབད་མི་ དོམ་མཁྲིས་འབག་མི་ལུ་བརྟེན་ཨིན་པས།
ད་རུང་ ཕོ་སྐྱེས་དེ་ འཛིན་བཟུང་འབདཝ་ད་ ཁོ་ལས་ དངུལ་ཀྲམ་༡༩༩,༥༠༠ ཐོབ་ཡོདཔ་ད་ ཁོ་ར་ སྤུ་ན་ཁ་སྟོད་ཝང་རྒེད་འོག་ བསམ་སྡིངས་ཁ་ལས་ཨིན་པས།
ཕོ་སྐྱེས་དེ་ དུས་རྒྱུན་གྱི་ ཞིབ་དཔྱད་རྐྱབ་པའི་སྐབས་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་དེ་ བཙན་བཟུང་འབད་དེ་ བཞག་ཡོདཔ་མ་ཚད་ དངུལ་རྐྱང་གི་ འབྱུང་ཁུངས་ངོས་འཛིན་གྱི་དོན་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་དབང་ཕྱུག་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ དང་པ་ར་ ཕོ་སྐྱེས་དེ་གིས་བདའ་མི་ སྣུམ་འཁོར་ཧའི་ལཱགསི་ནང་ལས་ དངུལ་རྐྱང་ཐོབ་པའི་ཤུལ་ལུ་ དོམ་མཁྲིས་ཐོབ་ཅི་ཟེར་ཨིན་པས།
དེ་བསྒང་ ང་བཅས་ཀྱི་ དོགས་པ་ལས་འབད་བ་ཅིན་ ཚུལ་མིན་གྱི་ དངུལ་ཕྱིའི་དངུལ་ཁང་ནང་ བཙུགས་མི་དང་ ཡང་ཅིན་ ཚུལ་མིན་ཚོང་འབྲེལ་གྱི་ རྩོད་དོན་ཅིག་ཨིན་པའི་ འཆར་སྣང་བྱུང་ཡི་ཟེར་ སྡེ་འཛིན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ད་ འདྲི་རྩད་འབད་བའི་སྐབས་ དོགས་པ་ཅན་གྱིས་ ཏི་རུའི་སྐོར་ ལོ་རྒྱུས་མ་འདྲཝ་ སླབ་ནི་དེ་གིས་ བརྡ་དོན་ངེས་ཏིག་ བྱིན་མ་ཚུགས་པའི་ཁར་ དྲི་ཞིབ་འཕྲོ་མཐུད་འབད་རུང་ ཏི་རུ་དེ་ ག་ཏེ་ལས་ འབག་འོང་ཡོདཔ་ཨིན་ན་ ཁུངས་སྐྱེལ་མ་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་གིས་ ཁོ་རའི་སྣུམ་འཁོར་ ཧའི་ལཱགསི་དེ་ གཏའ་མ་བཙུགས་ཐོག་ལས་ ཏི་རུ་བསྐྱི་བསྐྱིཝ་ཨིནམ་སྦེ་ སླབ་ཡོདཔ་མ་ཚད་ ཟླཝ་༢ ཀྱི་ཧེ་མར་ སྣུམ་འཁོར་བཙོང་པའི་ ཏི་རུ་ཨིནམ་སྦེ་ སླབ་དེས་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ ཁོ་ འཛིན་བཟུང་འབད་བའི་སྐབས་བདའ་མི་ ཧའི་ལཱགསི་དེ་ར་ཨིནམ་སྦེ་ མངོན་གསལ་བྱུང་པའི་ཁར་ ཟླཝ་༢ ཀྱི་ཧེ་མར་ སྣུམ་འཁོར་ཉོ་མི་དེ་གིས་ སྣུམ་འཁོར་བྱིན་བྱིནམ་མིན་འདུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
དོགས་པ་ཅན་དེ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ རྒྱལ་འགྲན་གྱི་ རྩོད་དོན་ནང་ བཙོན་ཁྲིམས་ཟླཝ་༡ ཕོག་ཡོདཔ་ཨིན་པས།
དམག་སྲིད་དབང་ཕྱུག་ལ་གིས་ སླབ་མིའི་ནང་ བཙག་འཐུའི་དུས་ཡུན་ཨིནམ་ལས་ ཁོང་གིས་ ཉེན་སྲུང་ལྟ་རྟོག་ཚུ་ དམ་དམ་བཙུགས་ཏེ་ཡོད་ཟེར་ཨིན་པས།
དེ་ལས་ དགེ་འདུའི་ཁྲིམས་སྲུང་འགག་པ་གིས་ དངུལ་ཀྲམ་ས་ཡ་༥.༢༥ འཕྱོག་བཟུང་འབད་མི་དེ་ གསེར་ནག་ཚོང་དང་ ཚུལ་མིན་གྱི་ དངུལ་ཨིནམ་སྦེ་ འགག་སྡེའི་གདོང་དེབ་ནང་ གསལ་བཀོད་འབད་ནུག།
དེ་ཡང་ སྐྱབས་ཆ་སྒང་ཁ་ལས་ སྐྱེས་ལོ་༢༦ ལང་མི་དང་ ཧཱ་སྦྱིས་རྒེད་འོག་ གཅན་པ་ལས་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་༢ ཀྱིས་ གསེར་དེ་ རྒྱ་གར་ལུ་ བཙོང་ཡོདཔ་ད་ སྤ་རོ་བཙན་ཏོག་ མི་སི་ལས་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་༣ པ་གིས་ གསེར་དེ་ རྒྱ་ནག་ལས་ ནག་ཚོང་ཐོག་ འབག་འོང་ཡོདཔ་བཞིན་དུ་ ཁོང་༣ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ འཛིན་བཟུན་འབད་ཡོད་པའི་གནས་ཚུལ།