ཕོ་སྐྱེས་ཅིག་གིས་ རྨགཔ་ཡོད་མི་ཨམ་སྲུ་ཅིག་ དབང་བཙོང་ལུས་འབྲེལ་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་རྩེ་ རྡོ་རོ་ཁ་ལས་ཨིན་མི་ སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་ཅིག་གིས་ གཉེན་རྐྱབ་ཡོད་མི་ ཨམ་སྲུ་ཅིག་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བའི་ཉེས་འཛུགས་དེ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་ནིའི་དོན་ལས་ བཙུགས་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ སྤྱི་ཟླ་༣ པའི་ཚེས་༡༡ ལུ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ཁར་ ཉམས་རྒུདཔ་མོ་ར་ ཐིམ་ཕུག་ཁྲོམ་ཁར་ ལཱ་སར་ལས་ཁྱིམ་ནང་འགྱོ་ནི་སྦེ་ རྨགཔ་གི་སྣུམ་འཁོར་ལུ་ སྒུག་སྡོད་པའི་སྐབས་ ཉེས་འཛུགས་ཅན་གྱིས་ ཁོ་གིས་བསྐྱལ་བྱིན་གེ་ཟེར་སླབ་སྟེ་ སྣུམ་འཁོར་ནང་ བཙུགས་འབག་པའི་ཤུལ་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནུག་ཟེར་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ཉེས་འཛུགས་དང་འཁྲིལཝ་ད་ བྱ་ངན་བྱུང་བའི་ཚེ་ ཉེས་འཛུགས་ཅན་གྱིས་ མོ་རའི་རྨགཔ་གི་ སྣུམ་འཁོར་མེདཔ་ཐལ་ཡོདཔ་ལས་ ལེན་པར་འོང་མི་ཚུགས་ནི་མས་ཟེར་ ཉམས་རྒུདཔ་དང་ མོ་རའི་རྨགཔ་གི་བར་ན་ བརྒྱུད་འཕྲིན་ནང་ བློ་སླབ་སར་གོ་བའི་ཤུལ་ལས་ ཁོ་རའི་སྣུམ་ནང་ བསྐྱལ་བྱིན་གེ་ཟེར་ ཨུ་ཚུགས་འབད་དེ་ ཁྱིད་སོང་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ བྱ་ངན་འབད་ནིའི་དོན་ལུ་ འགོ་དང་པ་ ཆུ་བར་ཆུ་ལུ་ཡོད་མི་ ས་སྣུམ་བླུག་སར་སོང་སྟེ་ ས་སྣུམ་བླུག་ནི་ཨིན་ཟེར་ སོང་ཡོད་རུང་ དེ་ནང་སྒོ་བསྡམས་ཡོདཔ་ལས་ གཞན་ཁར་འགྱོ་དགོ་པས་ཟེར་སླབ་ད་ ཨམ་སྲུ་དེ་གིས་ མོ་ར་ཁྱིམ་ནང་འགྱོ་ནི་དེ་ ཕྱིས་སོ་ནི་དེ་གིས་ རྐང་སྟོང་སྦེ་ འགྱོ་ནི་ཟེར་སླབ་སྟེ་འབད་རུང་ ཉན་མ་བཏུབ་པར་ ཨོ་ལ་ཁ་ལུ་ཡོད་མི་ ས་སྣུམ་བླུག་སར་འགྱོ་བའི་སྐབས་ དེ་ནང་ཡང་ སྒོ་བསྡམས་ཡོདཔ་ལས་ ཁོ་གིས་ དེ་ཁར་ལས་ཕྲང་སྟེ་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ལུ་འགྱོ་སའི་ ལམ་བདའ་སྟེ་ ཁྱིད་སོང་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་དེ་ ཐིམ་ཕུག་ཁྲོམ་ཁར་ མངར་རྫས་བཟོ་ཁང་ནང་ དེད་གཡོགཔ་ཨིན་པའི་ཁར་ ཨམ་སྲུ་དེ་གིས་ འགྲུལ་འཕྲིན་འཐུ་སྟེ་ བརྒྱུད་འཕྲིན་གཏང་ནི་སྦེ་ ཆ་རོགས་འཚོལ་ཏེ་ སྐད་རྐྱབ་པའི་སྐབས་ ཉེས་འཛུགས་ཅན་གྱིས་ ཁོ་རའི་སྣུམ་འཁོར་ནང་ གྱི་ཅུང་ཡོདཔ་ལས་ མོ་རའི་ལགཔ་དང་རྐངམ་ཚུ་ བཏོག་གཏང་ནི་ཨིན་ཟེར་ འཇིགས་སྐྲག་བཏོན་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ སྣུམ་འཁོར་བཀགཔ་ད་ ཨམ་སྲུ་དེ་གིས་ ཕྱི་ཁར་ཐོན་འགྱོ་ནི་འབདཝ་ད་ ཁོ་གིས་བཟུང་སྟེ་ སྣུམ་འཁོར་ནང་ལས་ གྱི་ཅུང་འཚོལ་ཏེ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནུག་ཟེར་ ཉེས་འཛུགས་ནང་བཀོད་ནུག།
དབང་བཙོང་འབད་བའི་ཤུལ་ལས་ ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་དེ་ ཨོ་ལ་ཁ་ཚུན་ སྣུམ་འཁོར་ནང་བཙུགས་འབག་འོང་སྟེ་ དེ་ནང་ལས་ གླ་འཁོར་ཅིག་ནང་ གླ་དངུལ་ཀྲམ་༢༥༠ སྤྲོད་དེ་ ཁྱིམ་ནང་བཙུགས་བཏང་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་ བྱུང་རྐྱེན་དེའི་སྐོར་ལས་ རྨགཔ་ལུ་སླབ་ཡོད་རུང་ རྨགཔ་གིས་ ཉེས་འཛུགས་ཅན་དང་ མོ་གི་བར་ན་ དགའ་མཐུན་འདུག་ཟེར་ སླབ་ནི་དེ་གིས་ ཉམས་རྒུདཔ་གིས་ མོ་རའི་སྐེདཔ་ཡང་ བཏོགས་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མོ་གིས་ མོ་རའི་ཨ་ཞེམོ་ལུ་ སླབ་པའི་ཤུལ་ལས་ མོ་གིས་སྦེ་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཞིབ་དཔྱད་འབད་བར་ ས་ཁོངས་ནང་སོང་ཡོད་རུང་ ཉེས་འཛུགས་ཅན་གྱི་སྐོར་ལས་ ཁ་བྱང་ག་ནི་ཡང་མེདཔ་ལས་ སྤྱི་ཟླ་༤ པའི་ཚེས་༢ ལུ་རྐྱངམ་གཅིག་ འཛིན་བཟུང་འབད་ཚུགས་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ བྱ་ངན་འབད་ཡོད་པའི་ རྫུན་ཁ་བཟེད་པའི་ཁར་ གཉེན་རྐྱབ་ཡོད་མི་ཨམ་སྲུ་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བ་ཅིན་ དབྱེ་རིམ་བཞི་པའི་ཉེས་ཆེན་ཨིན་པའི་ཁར་ བྱ་ངན་དེ་ལུ་ བཙོན་ཁྲིམས་ལོ་༣ ལས་༥ འི་བར་ན་ ཕོགཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཁྲིམས་འདུན་ལུ་ ཉམས་རྒུདཔ་དེ་ གཉེན་རྐྱབ་མི་ཨམ་སྲུ་འབདཝ་ལས་ གཉེན་འབྲེལ་འཕྲི་སྣོན་བཅའ་ཁྲིམས་༢༠༠༩ ཅན་མ་དང་འཁྲིལ་ཏེ་ ཞན་འཐུས་དངུལ་ཀྲམ་༡༡,༢༥༠ སྤྲོད་དགོ་པའི་ ཞུ་བ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྐྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *