༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཐབ་འཛིང་དང་འབྲེལ་བའི་བྱ་ངན་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་༥ འི་རྩོད་བཤེར་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཚུའི་གྲས་ལས་ འཕྲིན་ལས་དཔལ་འབྱོར་གྱིས་ ཁོ་དང་གཅིག་ཁར་ཡོད་མི་ཆ་རོགས་ བློ་གྲོས་ཚེ་རིང་དང་ ཀུན་བཟང་ཆོས་འཕེལ་ དེ་ལས་ དཔལ་འབྱོར་ཚེ་རིང་དང་གཅིག་ཁར་ མཉམ་རུབ་ཐོག་ལས་ གླ་འཁོར་ཅིག་ལུ་ རྡོ་བླུགས་མི་ལུ་བརྟེན་ གནོད་སེམས་ཀྱི་ སྤྱོད་ངན་འབད་བའི་ཉེས་འཛུགས་ ཉེས་ཕྲའི་ཉེས་འཛུགས་འབད་ཡོདཔ་ད་ ཁོ་ལུ་ ད་རུང་ ཉེས་འཛུགས་ཁག་གཉིས་བཀལ་ཡོདཔ་ཨིན་པས།
ཁོ་གིས་ བྱ་ངན་བྱུང་པའི་སྐབས་ ཁྱིམ་ནང་ལས་འབག་འོང་མི་ གྱི་ཅུང་ལག་ལེན་འཐབ་སྟེ་ གླ་འཁོར་དེད་གཡོགཔ་ ཉེས་འཛུགས་ཅན་ ཡོན་ཏན་རྒྱ་མཚོ་དེ་ བསད་ནི་ཨིན་ཟེར་ གྱི་རྐྱབ་ད་ ལགཔ་གཡོནམ་ལུ་ཕོག་སྟེ་ ཆུ་ཚོད་འཁོར་ལོའི་ ཐགཔ་བཏོགས་བཏང་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ དབྱེ་རིམ་གསུམ་པའི་ཉེས་ཆེན་ བཙོན་ཁྲིམས་དམའ་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༩ འོག་རྒྱུའི་ཕྱེད་ཀ་ སྨིན་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ དེད་གཡོགཔ་ལུ་ གྱི་བླུགས་པའི་སྐབས་ བར་ན་ལས་ ཞིབ་དཔྱད་འབད་བར་སོང་མི་ ཁྲིམས་སྲུང་འགག་པ་ རྣམ་རྒྱལ་ཚེ་དབང་ཟེར་མི་གིས་ བཀག་ནི་འབདཝ་ད་ ཁོ་ལུ་ཡང་ མགུ་ཏོག་གུ་ གྱི་རྐྱབ་སྟེ་ རྨ་སྐྱོན་བཏོན་ཡོད་པའི་ཁར་ གླ་འཁོར་ལུ་ཡང་ གྱི་རྐྱབ་ཡོད་མི་ལུ་བརྟེན་ ད་རུང་ དབྱེ་རིམ་༣ པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དང་གཅིག་ཁར་ཡོད་མི་ ཉེས་འཛུགས་ཅན་ བློ་གྲོས་ཚེ་རིང་དང་ ཀུན་བཟང་ཆོས་འཕེལ་ དེ་ལས་ དཔལ་འབྱོར་ཚེ་རིང་གསུམ་ལུ་ བྱ་ངན་བྱུང་བའི་ཤུལ་ལས་ འཁོར་ལམ་གྱི་ལྟག་ལུ་ བྱོག་སོང་སྟེ་ གླ་འཁོར་ལུ་ རྡོ་བླུགས་མི་ལུ་བརྟེན་ ཁོང་ལུ་ ཉེས་ཕྲའི་ཉེས་འཛུགས་ འབད་ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་ ཡོན་ཏན་རྒྱ་མཚོ་གིས་ ཉེས་འཛུགས་ཅན་ འཕྲིན་ལས་དཔལ་འབྱོར་གྱིས་ ཁོ་རའི་གླ་འཁོར་གུ་ རྡོག་ཐལ་བླུགས་མི་ལུ་བརྟེན་ ཁོ་གིས་ ཕྱི་ཁར་ཐོན་ཏེ་ ལྡན་ལྕག་བླུགས་བྱིན་མི་བརྟེན་ ཁོ་ལུ་ ཉེས་པ་ཡང་ཕྲའི་ཉེས་འཛུགས་ དམའ་ཤོས་ཟླཝ་༡ ལས་ མཐོ་ཤོས་ལོ་༡ གི་ བཙོན་ཁྲིམས་སྨིན་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ གླ་འཁོར་ལུ་རྡོ་བླུགས་མི་ལུ་བརྟེན་ ཉམས་བཅོས་འབད་བའི་སྐབས་ དངུལ་ཀྲམ་༢༠,༣༠༠ གནས་ཡོད་མི་དེ་ ཉེས་འཛུགས་ཅན་ ཀུན་བཟང་ཆོས་འཕེལ་དང་ བློ་གྲོས་ཚེ་རིང་ དཔལ་འབྱོར་ཚེ་རིང་ དེ་ལས་ འཕྲིན་ལས་དཔལ་འབྱོར་ཚུ་ལས་ སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
འཕྲིན་ལས་དཔལ་འབྱོར་གྱིས་ ཁྲིམས་སྲུང་འགག་པ་ རྣམ་རྒྱལ་ཚེ་དབང་གི་ མགུ་ཏོ་གུ་ རྨ་བཏོན་ཡོད་རུང་ ཚབས་ཆེན་མེནམ་ལས་ སྤྱིར་བཏང་གི་ རྒུད་འཐུས་སྤྲོད་དགོ་པའི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡༦ ལུ་ ཐིམ་ཕུག་ལས་ སྤ་རོ་ཁ་ཐུག་འགྱོ་མི་ གླ་འཁོར་ཅིག་ སྤ་རོ་ ཤར་པ་ལུ་ལྷོད་པའི་སྐབས་ ཉེས་འཛུགས་ཅན་ཕོ་སྐྱེས་ཚུ་གིས་ བཀག་ཐོག་ལས་ རྡོག་ཐལ་བླུགས་པའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཚུ་ བྱ་ངན་འབད་དེ་ ས་ཁོངས་ནང་ལས་ བྱོག་སོང་ཡོད་རུང་ གླ་འཁོར་ནང་ཡོད་མི་ འགྲུལ་པ་ཅིག་གིས་ ཉེས་འཛུགས་ཅན་ཅིག་གི་ འགྲུལ་འཕྲིན་བུད་འགྱོ་མི་དེ་ ཤུལ་ལས་ བདའ་ཟུན་ནིའི་དོན་ལུ་ འཐུ་བཞག་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།