ཕོ་སྐྱེས་ཅིག་གིས་ གཟི་འཕྱོག་འབག་པའི་རྩོད་དོན་ ཁྲིམས་འདུན་ལུ་ལྷོད་ཡོདཔ།

༉ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཨམ་སྲུ་ཅིག་ལས་ གཟི་མིག་ཏོ་༦ འབད་མི་ཅིག་ འཕྱོག་འབག་སྟེ་ བྱོག་སོང་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་དེ་ལུ་ མ་བྱིན་པ་ལེན་པའི་ ཉེས་འཛུགས་ཐོག་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ནུག།

བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཕོ་སྐྱེས་དེ་གིས་ ཐིམ་ཕུག་ཁྲོམ་ཁར་ ཨམ་སྲུ་ཅིག་གི་ གཟི་ བལྟ་བར་འོང་པའི་ཤུལ་ལུ་ མོ་ལས་ འཕྱོག་འབག་སྟེ་ བྱོག་འགྱོ་ནི་གི་ དཔའ་བཅམ་ད་ ཁྲིམས་སྲུང་འགག་པ་གིས་ བཟུང་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ སངས་རྒྱས་རྡོ་རྗེ་གིས་ ཨམ་སྲུ་དེ་ལུ་ ཁོ་རའི་ ཕོ་རྒནམ་གིས་ གཟི་བལྟ་བར་བཏང་ཡི་ཟེར་སླབ་སྟེ་ ཁྲོམ་ཁའི་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ ཉེ་འདབས་ལུ་ ཟ་ཁང་ཅིག་ནང་ ཕྱད་པའི་ཤུལ་ལས་ བྱ་ངན་འཐབ་ཡོདཔ་ཨིན་པས།
བྱུང་རྐྱེན་སྐབས་ ཉམས་རྒུདཔ་མཁའ་འགྲོ་དབང་མོ་གིས་ སྐད་རྐྱབ་སྟེ་ རྟིང་བདའ་སོང་པའི་ཤུལ་ལས་ གླ་འཁོར་བཞག་སའི་ ས་ཁོངས་རྙིངམ་གི་ ཉེ་འདབས་ལུ་ལྷོདཔ་ད་ ཁྲིམས་སྲུང་འགག་པ་ཅིག་གིས་ བདའ་ཟུན་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ ད་ལྟོ་ ཚོང་རྐྱབ་སྡོད་མི་ཅིག་ཨིནམ་ད་ གཟི་གི་ཇོ་བདག་ཨམ་སྲུ་དེ་གིས་ ཟླཝ་༡ གི་ཧེ་མར་ ཚོད་བསྲེ་ཁྲོམ་ཁར་ རྡོ་ལེགས་དང་ ཁོ་གི་ཆ་རོགས་༢ ལུ་ གཟི་མིག་ཏོ་༦ འབད་མི་དེ་ བཙོང་ནི་གི་ དཔའ་བཅམ་ད་ གོང་ཚད་འགྲིགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཤུལ་ལས་ ཉེས་འཛུགས་ཅན་གྱིས་ མོ་ལུ་ འབྲེལ་བ་འཐབ་སྟེ་ ཏི་རུ་ཚུ་ག་ར་ གྲ་སྒྲིག་ཡོད་ཟེར་སླབ་རུང་ མོ་གིས་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ ད་རུང་ སྤྱི་ཟླ་༥ པའི་ཚེས་༡༦ གི་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ སངས་རྒྱས་རྡོ་རྗེ་གིས་ཕྱད་དེ་ བློ་སླབ་པའི་ཤུལ་ལས་ དེ་གི་ནངས་པར་ ཆུ་ཚོད་༡༠ དེ་ཅིག་ཁར་ ཟ་ཁང་དེ་ནང་ར་ འཕྱད་ནི་གི་ དུས་ཚོད་བཟོ་ཡོདཔ་ཨིན་པས།
ཁོང་གཉིས་ ཟ་ཁང་དེ་ནང་ ལོག་ཕྱདཔ་ད་ ཉེས་འཛུགས་ཅན་གྱིས་ ཁོ་ལུ་ཡོད་མི་ གཟི་གི་པར་དེ་ མོ་གི་ ལག་པར་ཡོད་མི་ གཟི་དེ་ཨིན་མས་ པར་ལོག་བཏབ་དགོ་པས་ཟེར་ ཆབ་གསང་ནང་ འབག་སོང་སྟེ་ ལོག་འོངམ་ད་ བྱོག་སོང་ཡོདཔ་ཨིན་པས།
ཅ་རྙིང་དབྱེ་ཞིབ་ཚོགས་པ་གིས་ གཟི་དེ་ ངོ་མ་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ད་ གོང་ཚད་ཡང་ དངུལ་ཀྲམ་འབུམ་༦ དེ་ཅིག་གི་ རྩིས་བཏོན་པའི་ཤུལ་ལས་ ཇོ་བདག་མོ་ལུ་ ལོག་རྩིས་སྤྲོད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སངས་རྒྱས་རྡོ་རྗེ་ལུ་ མགུ་སྐོར་ཐོག་ལས་ གཞན་གྱི་རྒྱུ་དངོས་ མ་བྱིན་ལེན་པར་འབད་བའི་ཉེས་འཛུགས་དེ་ཡང་ གཟི་གི་གོང་ཚད་ མིག་ཏོ་རེ་ལུ་ འབུམ་རེ་གི་ རྩིས་བཏོན་ཐོག་ལས་ ཉེས་ཕྲའི་ཉེས་ཁྲིམས་བཀལ་དགོ་པའི་ ཞུ་བ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *