༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ བསམ་རྩེ་ ཅེང་མ་རི་ལས་ཨིན་མི་ ཕོ་སྐྱེས་ཅིག་གིས་ སྨྱོ་རྫས་ཀེ་ན་བིས་དང་ དེ་ལས་བཟོ་མི་ སྨྱོ་རྫས་ཀྱི་རིགས་ཚུ་ ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་བའི་གནོད་འགེལ་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ རྒྱ་གར་གྱི་ མི་ཁུངས་ཅིག་གིས་ ལོག་འདྲེན་འཐབ་ཡོད་པའི་ཐད་ཁར་ བཙོན་ཁྲིམས་ཟླཝ་༦ བཀལ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༦ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་ཀེ་ན་བིསི་ འཆང་སྤྱོད་འབད་ཡོད་པའི་སྐོར་ལས་ སྙན་ཞུ་ལྷོད་མི་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ཐིམ་ཕུག་ མལ་ཀྲི་པར་ཀིང་བཟོ་སྐྲུན་ས་ཁོངས་ཀྱི་ ཉེ་འདབས་ལུ་ཡོད་པའི་ ཁྲོམ་སྡེའི་ཡིག་ཚང་གི་ སྒྲིང་ཁྱིམ་ནང་ ཉེས་འཛུགས་ཅན་ སུ་བཱཤི་སུ་བཱ་ལས་ ཀེ་ན་བིས་ཤོག་སྒམ་སྦོམ་༤ དང་ ཤོག་སྒམ་ཆུང་ཀུ་༩ འབདཝ་ད་ བསྡོམས་ག་རམ་༣༣.༧༢༤ འཕྱོག་བཟུང་འབད་ནུག།
དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ སྨྱོ་རྫས་སྤྱོད་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་སྐབས་ སྨྱོ་རྫས་ཀེ་ན་བིསི་ ལོག་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་ཐོན་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་དང་འཁྲིལ་ ཉེས་འཛུགས་ཅན་ལུ་ ཀེ་ན་བིསི་དང་ དེ་ལས་བཟོ་མི་ སྨྱོ་རྫས་ཀྱི་རིགས་ ཚུ་ ཁྲིམས་འགལ་ཐོག་ འཆང་སྤྱོད་འབད་བ་འམ་ ལོག་སྤྱོད་ཀྱི་གནོད་འགེལ་ཕོག་ཡོདཔ་ལས་ ཁོ་ལུ་ ཉེས་ཕྲའི་ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཉེས་འཛུགས་ཅན་གཉིས་པམ་ མོ་ཟམ་མཱལ་ཧོཀ་གིས་ སྤྱི་ལོ་༢༠༡༧ ཟླ་༦ པའི་ཚེས་༡༢ ལུ་ ཉེས་འཛུགས་ཅན་ སུ་བཱཤ་ལུ་ ཁོ་གིས་སྦེ་ བཀོད་བྱ་བྱིན་ཏེ་ སྨྱོ་རྫས་ཀེ་ན་བིསི་འབག་ཤོག་ཟེར་ སླབ་ཡོདཔ་ལས་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་འབག་འོང་བཅུག་སྟེ་ དེ་བཟུམ་མའི་ བྱ་ངན་འཐབ་ནི་ལུ་ འབྲེལ་གཏོགས་འབད་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྨྱོ་རྫས་འཆང་སྤྱོད་འབད་ནིའི་ནང་ ལོག་འདྲེན་འབད་ཡོདཔ་ལས་ ཉེས་ཕྲའི་ཁྲིམས་ཚད་ ཕྱེད་ཀའི་ ཉེས་འཛུགས་བཀོད་ནུག།
དེ་ཡང་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ གལ་སྲིད་ མི་ངོམ་ཅིག་གིས་ བསམ་སྦྱོར་རམ་ ཤེས་བཞིན་དུ་ ལོག་འདྲེན་བཀོད་བྱ་ ཡང་ཅིན་ རེ་བསྐུལ་ཐོག་ མི་གཞན་ལུ་ ཉེས་ལས་འཐབ་བཅུག་པ་ཅིན་ མི་ངོམ་དེ་ ལོག་འདྲེན་གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་ བརྩི་དགོ་ཟེར་ འཁོད་མི་དང་འཁྲིལ་ཏེ་ ཉེས་ཁྲིམས་ཟླ་༦ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ ཕོ་སྐྱེས་གཉིས་ལུ་ བཀལ་ཡོད་མི་ ཁྲིམས་ཚད་དེ་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་རུང་ གལ་སྲིད་ ཁོང་གཉིས་ཀྱིས་ ཁྲིམས་འཐུས་བཏབ་མ་བཏུབ་པ་ཅིན་ ཉེས་ཁྲིམས་བཙོན་དུ་སྨིན་དགོ་པའི་ འཁྲུན་ཆོད་དེ་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ བཏོན་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།