ཕོ་སྐྱེས་༡ ལུ་ ཚུལ་མིན་ཐོག་ སྣུམ་འཁོར་བཙོང་པའི་ བཙོན་ཁྲིམས་ལོ་༣ ཕོག་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་ སྐྱེསལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ལུ་ གཞན་གྱི་སྣུམ་འཁོར་བཙོང་པའི་ ཉེས་པ་ལུ་བརྟེན་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
དེ་ཡང་ བསམ་རྩེ་ལྡན་ཆུ་ཁ་རྒེད་འོག ཀ་དོ་རི་ལས་ ཉེས་འཛུགས་ཅན་ བིམ་བྷ་དུར་བིསི་ཝ་གིས་ ཕྱི་རྒྱལ་ཁབ་ནང་ ལཱ་འབད་བར་སོང་མི་ ཨམ་སྲུ་ཅིག་གི་ སྣུམ་འཁོར་ཨེཆ་ཝཱན་དེ་ བཏང་སྡོད་པའི་སྐབས་ ཇོ་བདག་ལས་ གནང་བ་མེད་པར་ གཞན་ལུ་བཙོང་སྟེ་ ཏི་རུ་དེ་ཡང་ ཁོ་གིས་ སྤྱོད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་འཐབ་མི་ བྱ་ངན་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༦༦ པའི་དགོངས་དོན་ལྟར་ རིན་ཐང་དང་བསྟུན་པའི་ བཙོན་ཁྲིམས་སྦེ་ དབྱེ་རིམ་༤ པའི་ཉེས་ཁྲིམས་ལོ་༣ བཀལ་ནུག།
ཁོ་གི་ བཙོན་ཁྲིམས་དེ་ཡང་ ཁོ་ར་ བྱ་ངན་དེ་ལས་བརྟེན་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་དེ་ དོ་དམ་ནང་ ཟླཝ་༡༠ དང་ཞག་༩ སྡོད་ཡོད་མི་དེ་ ཕབ་ཆག་འབད་ནི་ཨིན་པས།
རྩོད་བཤེར་འབད་བའི་སྐབས་ ཉེས་འཛུགས་ཅན་ བིམ་བྷ་དུར་བིསི་ཝ་གིས་ སྣུམ་འཁོར་དེའི་སྐོར་ལས་ ཇོ་བདག་མོ་ར་ ཕྱི་རྒྱལ་ཁབ་ལུ་ མ་འགྱོ་བའི་ཧེ་མར་ བཙོང་དགོ་པའི་སྐོར་ལས་ བློ་སླབ་ཡོད་རུང་ མོ་ར་ ཕྱི་རྒྱལ་ལུ་ སོང་པའི་ཤུལ་ལས་ ཉོ་མི་ཅིག་ཐོན་ཏེ་ མོ་རའི་ནུམོ་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ ཨ་ཞེམ་གིས་ རིན་གོང་དངུལ་ཀྲམ་འབུམ་༨ སྦེ་ བཙོང་རུང་བཏུབ་སྦེ་ སླབ་དེས་ཟེར་སླབ་པའི་ཤུལ་ལས་ ཁོ་གིས་བཙོང་ཡི་ཟེར་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ སྣུམ་འཁོར་བཙོང་མི་ལས་ཐོབ་མི་ ཏི་རུ་དེ་ ཚངམ་སྦེ་མ་སྤྲོད་པར་ དངུལ་ཀྲམ་འབུམ་༣ སྤྲོད་དེ་ ལྷག་ལུས་དངུལ་ཀྲམ་འབུམ་༥ དེ་ ཟླཝ་༣ གྱི་ཤུལ་ལས་ སྤྲོད་ནི་སྦེ་ བཞག་ཡོད་རུང་ ཁོ་གིས་ ཟླཝ་༥ ལང་རུང་ སྤྲོད་མ་བཏུབ་པར་བཞག་ཡོདཔ་ཨིན་པས།
ཨིན་རུང་ ཉེས་འཛུགས་ཅན་གྱིས་ སྣུམ་འཁོར་གྱི་ ཇོ་བདག་མོ་ར་ ཕྱི་རྒྱལ་ཁབ་ལས་ ལོག་ལྷོདཔ་ད་ དངུལ་ཀྲམ་༥༠,༠༠༠ སྤྲོད་དེ་ དེ་གི་ལྷག་ལུས་ མོ་རའི་རྩིས་ཁྲ་ནང་ བཙུགས་ནི་སྦེ་ ཁ་བཟེད་ཡོད་རུང་ ཤུལ་ལས་ ཁོ་གིས་ ཕུན་ཚོགས་གླིང་ལུ་ ཏི་རུ་བྱང་སྟོར་ཤོར་ཡི་ཟེར་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་གིས་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ བཙོང་ནི་གི་ གནང་བ་ཐོབ་ཡོདཔ་སྦེ་ སླབ་ཡོད་རུང་ ཇོ་བདག་གི་ནུམོ་གིས་ ཨ་ཞེནམོ་ལོག་ལྷོདཔ་ད་ བསྟུན་གྲོས་འབད་ཟེར་རྐྱངམ་གཅིག་ སླབ་ནུག་ཟེར་ཨིན་པས།
རྩོད་ཟླ་གིས་ སྣུམ་འཁོར་བཙོང་ནིའི་ གནང་བ་ཡོད་རུང་ སྣུམ་འཁོར་བཙོང་པའི་ རིན་དངུལ་དེ་ ཇོ་བདག་ལུ་ སྤྲོད་དགོཔ་ཅིག་ཨིན་རུང་ མ་སྤྲོད་པར་ ཁོ་གིས་ སྤྱོད་ཡོདཔ་ལས་ ཁོ་གིས་ ཞུ་མི་ལུ་ བདེན་པ་མིན་འདུག་ཟེར་ ཁྲིམས་རྩོདཔ་གིས་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཁོ་ར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ མི་ངོམ་ཅིག་གིས་ བློ་གཏད་བཞག་པའི་ རྒྱུ་དངོས་སམ་ བདག་དབང་ལུ་བཞག་པའི་ རྒྱུ་དངོས་དེ་ བཙོང་ཡོདཔ་ལས་ ཁོ་ལུ་ བློ་གཏད་བར་རྐྱེན་གྱི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་ཇོ་བདག་ ཀརྨ་ལྷ་སྐྱིད་ཀྱིས་ ཁྲིམས་འདུན་ལུ་ སྣུམ་འཁོར་བཙོང་པའི་སྐོར་ལས་ ཉེས་འཛུགས་ཅན་གྱིས་ མོ་རའི་ནུམོ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་འབད་རུང་ ནུམོ་གིས་ མོ་ལུ་ ག་ནི་ཡང་ མ་སླབ་མ་ཚད་ ཉེས་འཛུགས་ཅན་ལུ་ འབྲེལ་བ་འཐབ་རུང་ ཁོ་གིས་ཡང་ སྣུམ་འཁོར་བཙོང་ནིའི་སྐོར་ལས་ ག་ནི་ཡང་ མ་སླབ་ཟེར་ ཞུ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ སྣུམ་འཁོར་དེ་ ཇོ་བདག་ལུ་ ལོག་རྩིས་སྤྲོད་འབད་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *