༉ སྤྱི་ཟླ་༤ པའི་ཚེས་༣ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་གིས་ དབང་འདུས་ཕོ་བྲང་ལས་ཨིན་མི་ ཕོ་སྐྱེས་ཅིག་ལུ་ འགྲོ་བ་མི་ ཕྱི་རྒྱལ་ལུ་ ཉེས་ཚོང་འཐབ་ནི་གི་ དཔའ་བཅམ་པའི་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་མ་ཚད་ ཨར་རྐུན་འབད་བའི་ བཙོན་ཁྲིམས་ལོ་༣ དང་ ཟླཝ་༦ བཀལ་ནུག།
སྐྱེས་ལོ་༣༡ ལང་མི་ བློ་བཟང་ཉི་མ་ལུ་ ན་ཧིང་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ ཨར་རྐུན་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ བཙོན་ཁྲིམས་ལོ་༣ དང་ཟླཝ་༦ བཀལ་ཡོད་རུང་ ཨམ་སྲུ་གཉིས་ ཚུལ་མིན་གྱི་ཐོག་ལས་ ཕྱིའི་རྒྱལ་ཁབ་ མ་ལེ་ཤི་ཡ་ལུ་ གཏང་ནི་གི་ དཔའ་བཅམ་ཡོད་རུང་ འགྲོ་བ་མི་ཉེས་ཚོང་འཐབ་པའི་ ཉེས་འཛུགས་འབད་མི་དེ་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
དེ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཆེ་མཐོ་ཁྲིམས་འདུན་ལུ་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ མཐོ་གཏུགས་འབད་ཡོད་མི་དེ་ཡང་ རྩོད་ཟླ་གིས་ འགྲོ་བ་མི་ཉེས་ཚོང་འཐབ་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་དེ་ལུ་ མ་ལེ་ཤི་ཡ་ལུ་ འགྱོ་ནི་ཨིན་མི་ ཨམ་སྲུ་དེ་གཉིས་ཀྱིས་ གནད་དོན་དེ་གི་སྐོར་ལས་ ཉོགས་བཤད་ག་ནི་ཡང་ མ་བཀོད་པའི་ཁར་ ཕོ་སྐྱེས་དེ་གིས་ཡང་ ཚུལ་མིན་ཐོག་ ཕྱི་རྒྱལ་ལུ་ ཨམ་སྲུ་༢ ཉེས་ཚོང་འཐབ་ནི་ཨིན་པའི་ ར་ཁུངས་མིན་འདུག་ཟེར་ ཐོག་མའི་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་ཅན་དང་ མ་ལེ་ཤི་ཡ་ལུ་ཡོད་མི་ ཌེ་བེཌ་བཱོན་ཟེར་མི་གཉིས་ཀྱི་བར་ན་ ཨམ་སྲུ་དེ་གཉིས་ གཏང་ནིའི་སྐོར་ལས་ ཡིག་འཕྲིན་ཚུ་ བརྗེ་སོར་འབད་བའི་ འདྲ་བཤུས་རྐྱབ་བཞག་མི་ཚུ་གིས་ བྱ་ངན་འབད་ནིའི་ དཔའ་བཅམ་པའི་ སྒྲུབ་བྱེད་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་མ་ཚད་ ཉེས་ཅན་དེ་གིས་ ཨམ་སྲུ་གཉིས་ཀྱི་ ལམ་ཡིག་ཆོག་ཐམ་དེ་ཡང་ འཐུས་ལེན་ཏེ་ བཟོ་ཡོདཔ་མ་ཚད་ ཨམ་སྲུ་ཅིག་གིས་ ཁྲིམས་འདུན་ལུ་ ཁོང་གཉིས་ཀྱི་ གནམ་གྲུའི་ཤོག་འཛིན་དེ་ཡང་ ཚེ་གྲངས་སོ་སོར་སྦེ་ བཏོག་ནུག་ཟེར་ ཞུ་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཉེས་ཅན་དེ་ ཨར་རྐུན་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ འཛིན་བཟུང་མ་འབད་བ་ཅིན་ ཨམ་སྲུ་གཉིས་ཡང་ མ་ལེ་ཤི་ཡ་ལུ་ བཏང་བཏངམ་འོང་ནི་མས་ཟེར་ བཀོད་པའི་ཁར་ བློ་བཟང་ཉི་མ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༥༤ པ་དང་༡༢༠ ལས་ འགལ་ཡོད་མི་དེ་ཡང་ དོན་ཚན་༡༥༤ པའི་ནང་ གལ་སྲིད་ རྩོད་ཟླ་ཅིག་གིས་ དགོས་དོན་གང་ཞིག་ལུ་ འབྲུག་ནང་འཁོད་དམ་ ཕྱི་ནང་ལུ་ སྐྱེ་བོ་སྐྱེལ་འདྲེན་འབད་བའམ་ ཉོ་བཙོང་འཐབ་པ་ཅིན་ རྩོད་ཟླ་དེ་ སྐྱེ་བོ་ཉེས་ཚོང་འཐབ་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་བཀོད་ནུག།
ཉེས་ཅན་དེ་གིས་ ཕྱི་རྒྱལ་ལས་ཕར་ ལཱ་གཡོག་བྱིན་ནིའི་དོན་ལུ་ ཆོག་ཐམ་དགོཔ་ཨིན་རུང་ ཁོ་ལུ་ དེ་ཡང་ མེད་པའི་ཁར་ ཨམ་སྲུ་གཉིས་ ངོ་མ་སྦེ་ བཏང་མ་ཚུགས་རུང་ བྱ་ངན་འབད་ནིའི་ དཔའ་བཅམ་ཡོདཔ་ལས་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་ཨིན་པས།
བློ་བཟང་ཉི་མ་ཁོ་ར་ སྤྱི་ཟླ་༢༠༡༦ ཟླ་༧ པའི་ནང་ ཐིམ་ཕུག་ནང་འཁོད་ལུ་ ཨར་རྐུན་གཅིག་ཤུལ་གཉིས་ཤུལ་སྦེ་ འབད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ ཁོ་གིས་ ཨར་རྐུན་འབད་བའི་ ཁ་བཟེད་མ་བཏུབ་རུང་ རྟ་བབ་ལུ་ ཁོ་ར་སྡོད་སའི་ ཁྱིམ་ནང་ལས་ འཕྱོག་བཟུང་འབད་མི་ ཅ་ཆས་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་འབད་མི་ཚུ་གི་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ རྫོང་ཁག་ཁྲིམས་འདུན་ལས་ ཁོ་ལུ་ ཨར་རྐུན་འབད་བའི་ བཙོན་ཁྲིམས་བཀལ་ཡོད་མི་ལུ་ མཐོ་གཏུགས་ཡང་ མ་འབདཝ་ཨིན་པས།
རྩོད་ཟླ་བློ་བཟང་ཉི་མ་གིས་ འབྲུག་རང་བཞིན་བློ་གཏད་མ་དངུལ་ཡིག་ཚང་དང་ ནོར་བུ་འབྲུག་ལྟ་བཤལ་ལས་སྡེའི་ཡིག་ཚང་ནང་ལས་ ཨར་རྐུན་འབད་བའི་ བཙོན་ཁྲིམས་བཀལ་ཡོད་མི་དང་ རྒུད་འཐུས་དངུལ་ཀྲམ་༤༡༦,༩༣༡ སྤྲོད་དགོཔ་སྦེ་ ཐོག་མའི་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་མི་དེ་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་ནུག།
ཉེས་ཅན་དེ་གིས་ སྤྱི་ལོ་༢༠༡༣ ལུ་ སིངྒ་པུར་ལུ་ གཞན་གྱི་ཁྱིམ་ནང་འཛུལ་བའི་གནད་ལས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་མ་ཚད་ རོགས་ཀྱི་རྒྱལ་ཁབ་ནང་ སྡོད་ཆོག་པའི་ སྐྱོད་ཐམ་གྱི་ དུས་ཡུན་རྫོགས་སོ་རུང་ འཕྲོ་མཐུད་དེ་ར་ སྡོད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༤ དང་ཟླཝ་༣ བཀལ་ཡོད་མི་དེ་ མ་ཚངམ་ལས་ རྒྱལ་ཁབ་ནང་ ལོག་བཏང་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྩོད་ཟླ་གིས་ སྒེར་གྱི་སློབ་གྲྭ་ནང་ལས་ སློབ་རིམ་༡༢ པ་ མཇུག་བསྡུ་སྟེ་ ཐའི་ལེནཌ་དང་ ཨིན་ཌོ་ནེ་ཤི་ཡ་ མ་ལེ་ཤི་ཡ་ སིངྒ་པུར་རྒྱལ་ཁབ་ཚུ་ནང་ སོང་ཡོདཔ་མ་ཚད་ སིངྒ་པུར་ལུ་ ཟ་ཁང་ཅིག་ནང་ བཞེས་སྒོ་སྐྱེལ་དྲང་འབད་མི་སྦེ་ ལཱ་འབད་སྡོད་ཡོད་པའི་གནས་ཚུལ།
སྐད་སྒྱུར་- བཀྲིས་བསྟན་འཛིན།