ཕོ་སྐྱེས་༡ ལུ་བཙོན་ཁྲིམས་དང་ གཞན་མི་༢ ལུ་ཉེས་གྲོལ།

༉ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༢ འབད་མི་ ཕོ་སྐྱེས་༡ ལུ་བཙོན་ཁྲིམས་དང་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་༡ མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ བཏང་ཡོདཔ་བཞིན་དུ་ གཞན་མི་༡ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ སྐྱེས་ལོ་༢༢ ལང་མི་ རྡོ་རྗེ་དབང་ཕྱུག་གིས་ སྨྱོ་རྫས་ཧ་ཤིཤ་འཆང་སྤྱོད་འབད་མི་ལུ་བརྟེན་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་འཕྲི་སྣོན་བཅའ་ཁྲིམས་༢༠༡༨ ཅན་མའི་ དོན་ཚན་༡༣༣ པའི་དགོངས་དོན་ལས་འགལ་ཡོདཔ་ལས་ སྤྱི་ལོ་༢༠༡༥ ཅན་མའི་ བཅའ་ཁྲིམས་དེའི་ དོན་ཚན་༡༣༤ དང་པ་དང་འཁྲིལ་ དབྱེ་རིམ་༣ པའི་ཉེས་ཁྲིམས་ བཙན་ཁྲིམས་ལོ་༥ དང་ཟླཝ་༧ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཁོ་ར་ བཙོན་ཁྲིམས་དམའ་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༩ ཚུན་ཕོག་དགོཔ་ཨིན་རུང་ ཧེ་མ་ བྱ་ངན་འབད་བའི་ རྗེས་ཐོ་མེད་ནི་དེ་གིས་ མར་ཕབ་རྐྱབ་སྟེ་བྱིན་ཡོདཔ་ད་ ཁོ་ར་ འཛིན་བཟུང་འབད་བའི་ཤུལ་ལས་ དོ་དམ་ནང་ ཞག་གྲངས་༡༧ སྡོད་མི་ཕབ་སྟེ་ ལྷག་ལུས་འབག་དགོཔ་ཨིན་པས།
སྤུ་ན་ཁ་ བསིལ་རི་སྒང་ལས་ སོ་ནམ་པ་ཨིན་མི་ ཉེས་འཛུགས་ཅན་དེ་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༣ ལུ་ ས་གནས་ཧེ་སྦིས་ས་ལས་ ལོག་འོང་བའི་ལམ་ཁར་ ཁུ་རུ་ཐང་ལུ་ལྷོདཔ་ད་ སྨྱོ་རྫས་ཧ་ཤིཤ་ག་རཱམ་༡༣༨ འཆང་སྤྱོད་འབད་ནི་དེ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྡོ་རྗེ་དབང་ཕྱུག་གིས་ འཆང་སྤྱོད་འབད་མི་སྨྱོ་རྫས་དེ་ ཁྲིམས་ཀྱིས་ ཚད་གཞི་བཟོ་ཡོད་མི་ལས་ལྷག་སྟེ་ འཆང་སྤྱོད་འབད་ཡོད་རུང་ ཁོ་གིས་ཁྲིམས་འདུན་ལུ་ སྨྱོ་རྫས་དེ་ ནག་ཚོང་དོན་ལུ་མེན་པར་ ཁོ་ར་སྤྱོད་ནིའི་དོན་ལུ་ཨིནམ་སྦེ་ ཞུ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ སོ་ནམ་པ་ཅིག་འབད་ནི་དེ་གིས་ བྱ་ངན་དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོཝ་ལས་ འབད་ཡར་སོ་ནུག་ཟེར་ ཁྲིམས་འདུན་གྱིས་ ཉེས་ཁྲིམས་དམའ་ཤོས་ བཀལ་གནང་དགོ་པའི་ ཞུ་བ་འབད་ཡོདཔ་ད་ བྱ་ངན་དང་ ཉེས་འཛུགས་ཕོག་མི་ པདྨ་ཚེ་རིང་དེ་ ལེན་པར་ཤོག་ཟེར་ འབོ་ཡོདཔ་མ་གཏོགས་ བྱ་ངན་ནང་ གྲལ་གཏོགས་མེད་ཟེར་ ཞུ་ཡོདཔ་ཨིན་པས།
ཁོ་གིས་ སྨྱོ་རྫས་དེ་ ས་གནས་ ཧེ་སྦིས་ས་ལས་ ཁོ་ར་སྤྱོད་ནིའི་དོན་ལུ་ བསྡུ་བསྒྱོམ་འབད་ཡོདཔ་སྦེ་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ལས་ བཅའ་ཁྲིམས་ཀྱི་ཟུར་དེབ་ནང་ ཚད་གཞི་བཀོད་ཡོད་མི་ལས་ ལྷག་ཡོདཔ་ལས་ དབྱེ་རིམ་༣ པའི་ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་བཀོད་ནུག།
དེ་ལས་ ཉེས་འཛུགས་ཅན་༢ པ་ སྐྱེས་ལོ་༢༢ ལང་མི་ ཡེ་ཤེས་རྡོ་རྗེ་དེ་ རྡོ་རྗེ་དབང་ཕྱུག་དང་ བསོད་ནམས་༢ ཀྱིས་ སྨྱོ་རྫས་ག་རཱམ་༡༣༨ བསྡུ་བསྒྱོམ་འབད་བའི་སྐབས་ ཆ་རོགས་འབད་ཡོདཔ་ལས་ དབྱེ་རིམ་༤ པའི་ ཉེས་ཁྲིམས་དམའ་ཤོས་ལོ་༣ ལས་མཐོ་ཤོས་ལོ་༥ འོག་རྒྱུ་ སྨིན་དགོ་པའི་ ཉེས་འཛུགས་འབད་ནུག།
ཨིན་རུང་ ཁོ་གིས་ཁྲིམས་འདུན་ལུ་ ཆ་རོགས་༢ དང་མཉམ་ ཀེ་ཧང་བསྡུ་བསྒྱོམ་འབདཝ་བདེན་རུང་ ཁོང་གཉིས་ལུ་ ཕན་གྲོགས་མ་འབད་ཟེར་ཞུ་བའི་ཁར་ ཀེ་ཧང་དེ་ཡང་ ཁོ་ར་སྤྱོད་ནིའི་དོན་ལུ་ བསྡུ་ཡོདཔ་སྦེ་ ཞུ་ནུག།
ཁོ་གིས་ སྨྱོ་རྫས་དེ་ ས་ཁོངས་ནང་ལས་ བསྡུ་བསྒྱོམ་འབད་དེ་ ས་ཁོངས་དེ་ནང་ར་ སྤྱོད་ཚར་ཡོདཔ་ལས་ ཁོ་ལུ་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་གུ་ ཕབ་དགོཔ་སྦེ་ ཞུ་བ་འབད་ནུག།
ཁོ་གིས་ཡང་ པདྨ་ཚེ་རིང་དེ་ ཁོང་ཚུ་ལེན་པར་འོང་ཡོདཔ་མ་གཏོགས་ བྱ་ངན་ནང་ གྲལ་གཏོགས་མེད་ཟེར་ ཞུ་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ངོ་ཚབ་ ཡེ་ཤེས་རྡོ་རྗེ་གིས་ ཉེས་འཛུགས་ཅན་གྱིས་ སྨྱོ་རྫས་བསྡུ་ནིའི་དོན་ལུ་ རྒྱགས་སྐལ་འབག་སྟེ་འགྱོ་མི་དེ་ ཆ་རོགས་༢ ལུ་ ཕན་གྲོགས་འབད་ནིའི་དོན་ལུ་ སོང་ཡོདཔ་ལས་ ཉེས་ཁྲིམས་སྨིན་དགོ་པའི་ ཞུ་བ་འབད་ནུག།
ཨིན་རུང་ ཁྲིམས་འདུན་གྱིས་ འབྲུག་སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་དང་འཁྲིལ་ སྨྱོ་རྫས་ལུ་ ལང་ཤོར་ཐལ་ཡོད་པ་ཅིན་ ཐེངས་དང་པའི་ནང་ གནང་བ་ཡོད་པའི་ སྨན་བཅོས་ལྟེ་བ་ཅིག་ནང་ ཟླ་ངོ་༣ ལས་མ་ཉུངམ་ཅིག་ མི་ཚེ་བསྐྱར་གསོ་ནང་ སྨན་བཅོས་འབད་ནི་དང་ བསླབ་སྟོན་འབད་བར་ གཏང་དགོཔ་སྦེ་ཡོད་མི་དང་འཁྲིལ་ ཉེས་གྲོལ་ཐོག་ ལྟེ་བ་ནང་ བཏང་ཡོདཔ་ཨིན་པས།
བྱ་ངན་ནང་ འབྲེལ་བ་ཡོད་མི་ཚུ་ ལེན་པར་འོང་མི་ པདྨ་ཚེ་རིང་དེ་ ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ བྱ་ངན་ནང་ འབྲེལ་བ་མེདཔ་ལས་ ཉེས་གྲོལ་བཏང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *