ཕོ་མོ་འདྲ་མཉམ་གྱི་ སྲིད་བྱུས་ཟིན་བྲིས་ གྲ་སྒྲིག་འབད་ཡོདཔ།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ ཨམ་སྲུ་ཚུ་ལུ་ དབང་ཆ་ཡར་སེང་ གཏང་ནིའི་དོན་ལུ་ ཕོ་མོ་འདྲ་མཉམ་གྱི་ སྲིད་བྱུས་ཟིན་བྲིས་བཏབ་མི་དེ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།

ཤོག་གྲངས་༡༢ འབད་མི་ ཟིན་བྲིས་དེ་ནང་ ཨམ་སྲུ་དང་འབྲེལ་བའི་ གནད་དོན་ཚུ་གི་ སྤྱིར་བཏང་གི་མཐོང་སྣང་དང་ ད་རེས་ནངས་པར་ གནས་བཞིན་ཡོད་པའི་ འབྲེལ་ཡོད་སྲིད་བྱུས་དང་ ཁྲིམས་ལུགས་བསྟར་སྤྱོད་ཀྱི་ བྱ་སྒོའི་རིམ་པ་དང་ ལག་ལེན་གྱི་ཐབས་བྱུས་ གཙོ་རིམ་ཅན་གྱི་ས་ཁོངས་ཚུ་ནང་འབད་དགོ་པའི་ རྒྱབ་སྣོན་ཚུ་ ཚུད་དེ་ཡོདཔ་ཨིན་པས།

སྲིད་བྱུས་ཟིན་བྲིས་དེ་ནང་ གཙོ་བོ་ ཕོ་མོའི་དབྱེ་བའི་གནས་སྟངས་ཀྱི་ དཀའ་ངལ་ཚུ་དང་ སྲིད་བྱུས་བརྩམ་དགོ་པའི་ས་ཁོངས་ཚུ་ ཚུད་དེ་ཡོདཔ་ཨིན་པས།

དེ་ནང་ ཨམ་སྲུ་དང་ཕོ་སྐྱེས་ཚུ་གིས་ ཆགས་སྡང་ཕྱོགས་རིས་མེད་པར་ འདྲ་མཉམ་ཐོག་ལུ་ རང་གི་ལྕོགས་གྲུབ་ཚུ་ སྦ་གསང་མེད་པར་བཏོན་ཏེ་ ལཱ་འབད་ཚུགས་ཐབས་ལུ་དམིགས་ཏེ་ སྲིད་དང་དཔལ་འབྱོར་ དེ་ལས་ མི་སྡེ་༣ ནང་ ཨམ་སྲུའི་དཀའ་ངལ་དང་ དབང་ཆ་སྤྲོད་དགོ་པའི་དགོས་མཁོའི་ སྲིད་བྱུས་ཡོད་ལུགས་ཚུ་གི་སྐོར་ལས་ ཚུད་དེ་ཡོདཔ་ཨིན་པས།

སྲིད་འབྲེལ་གྱི་གནད་དོན་ནང་ ཨམ་སྲུ་མང་ཤོས་ཅིག་གིས་ སྲིད་འབྲེལ་ལས་སྣ་ཚུ་ནང་ བཅའ་མར་གཏོགས་བཅུག་ཐབས་ལུ་ གཞི་རྟེན་ཤེས་ཡོན་ལ་སོགས་པའི་ ཤེས་ཡོན་ལྟེ་བ་ཚུ་ནང་ འབད་བརྩོན་དང་ སྲིད་ཀྱི་སྐོར་ལས་ གོ་བརྡ་སྤེལ་ནི་དང་ བྱ་སྟབས་བདེ་བའི་སྲིད་བྱུས་བརྩམ་ནི་ཚུ་ ཚུད་དེ་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ ཨམ་སྲུའི་འགོ་ཁྲིདཔ་གཞོནམ་ཚུ་ལུ་ རིག་རྩལ་དང་ལྕོགས་གྲུབ་ཡར་འཕེལ་གྱི་སྦྱོང་བརྡར་ ཕོ་མོ་འདྲ་མཉམ་སྒྲིང་སྒྲི་བཟོ་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ མཉམ་འབྲེལ་འབད་བཅུག་ནི་ སྒེར་སྡེ་ནང་ ཨམ་སྲུའི་འཐུས་མི་གྱངས་ཁ་ཡར་སེང་འབད་ཐབས་ དེ་ལས་ ས་གནས་ཀྱི་གནས་ཚད་ནང་ཡང་ ཨམ་སྲུའི་གྱངས་ཁ་ ཡར་སེང་འབད་དགོཔ་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།

དེ་ལས་ དཔལ་འབྱོར་དང་འབྲེལ་བའི་གནད་དོན་ཐོག་ གོང་འཕེལ་དང་ཕོ་མོ་འདྲ་མཉམ་གྱི་ སྲིད་བྱུས་སྒྲིང་སྒྲི་བཟོ་ནི་ སློབ་གྲྭ་ནང་འཛུལ་མི་ བུམོ་གི་གྱངས་ཁ་ཡར་སེང་དང་ སློབ་གྲྭ་བཀོག་བཞག་མི་ བུམོ་གྱི་གྱངས་ཁ་ མར་ཕབ་འབད་ནིའི་ ཐབས་ཤེས་བཏོན་དགོཔ་ཨིན་པས།

དེ་མ་ཚད་ བུམོ་ཚུ་གི་ཤེས་ཡོན་དོན་ལུ་ བར་ཆད་རྐྱབ་མི་ མི་སྡེ་དང་འབྲེལ་བའི་དཀའ་ངལ་ཚུ་ སེལ་ཐབས་འབད་དགོཔ་ཚུ་ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཨམ་སྲུ་ཚུ་ལུ་ ཚོང་འབྲེལ་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་དང་ ཚོང་ལཱ་ཆུང་བ་རྐྱབ་མི་ ཨམ་སྲུ་སོ་ནམ་ཞིང་པ་ཚུ་ལུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགསཔ་བཟོ་ནི་ དེ་ལས་ རྩུབ་སྤྱོད་ཐོག་ལས་ ལུས་འབྲེལ་འབད་ནི་ཚུ་ མར་ཕབ་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་བཏོན་དགོ་པའི་སྐོར་ཡོདཔ་ཨིན་པས།

དེ་ལས་ མི་སྡེ་དང་འབྲེལ་བའི་གནད་དོན་ནང་ ཚུལ་མིན་ཐོག་ལས་ ཨམ་སྲུ་ནག་ཚོང་འཐབ་ནི་དང་ གཞང་བཙོང་གི་དཀའ་ངལ་ སྒྲ་དབྱངས་ནང་ལཱ་འབད་མི་ ཨམ་སྲུ་ཚུ་གི་ ཉེན་ཁ་ལ་སོགས་པའི་སྐོར་ལས་ ཞིབ་འཚོལ་འབད་དགོཔ་ཡོད་ལུགས་ཚུ་གི་སྐོར་ལས་ བཀོད་ཡོདཔ་ཨིན་པས།

དེ་གི་ཐད་ཁར་ སྒྲ་དབྱངས་ཀྱི་བུམོ་ཚུ་ལུ་ ཉེན་སྲུང་དང་སྲུང་སྐྱོབ་ དེ་ལས་ ལཱ་གཡོག་འདྲ་མཉམ་སྦེ་བྱིན་ནི་དང་ དེལས་ གཞང་བཙོང་གི་ཉེས་དམིགས་དང་ ཨམ་སྲུའི་འགན་འགུར་ཚུ་གི་སྐོར་ལས་ བརྡ་སྤྲོད་འབད་ནི་དང་ ཨམ་སྲུ་ཚུ་གི་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ བརྩོན་དགོཔ་འདུག་ཟེར་ཨིན་པས།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ ཨམ་སྲུའི་སྡེ་ཚན་གྱི་ ལས་རིམ་འགོ་དཔོན་གོངམ་ ཨོ་རྒྱན་མཚོ་མོ་གིས་ སླབ་མིའི་ནང་ ད་ཚུན་ ཨམ་སྲུ་ཚུ་ མི་སྡེ་ནང་ ཕོ་སྐྱེས་ཚུ་དང་ཕྱདཔ་ད་ ཤེས་རིག་དང་ ལཱ་གཡོག་ དེ་ལས་ ཨམ་སྲུ་ཚུ་གིས་ བཅའ་མར་གཏོགས་ནི་ཚུ་ནང་ ཉུང་བའི་ཁར་ ཨམ་སྲུ་ཚུ་ རྩུབ་སྤྱོད་དང་བརྡུང་རྫོབ་ཀྱི་ ཉམས་རྒུདཔ་བྱུང་དོ་ཡོདཔ་ལས་ སྲིད་བྱུས་དེ་གིས་ ཨམ་སྲུ་ཚུ་ལུ་འདྲ་མཉམ་དང་ དབང་ཆ་བྱིན་ནི་ལུ་ ཕན་ཐོགས་པའི་རེ་བ་ཡོད་ཟེར་ ཨིན་པས།

སྲིད་བྱུས་ཟིན་བྲིས་འདི་ འཕྲལ་མགྱོགས་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *