༉ ཀྲོང་གསར་རྫོང་ཁག་ནང་ ཕོ་མཚན་ཤུབས་ བཏོན་འཕྲུལ་ཚུ་ ས་གནས་ཐདམ་ཐད་ཁར་ལས་ཕར་ བཙུགས་སྒྲིག་འབད་དེ་ ཡོད་མི་ཚུ་ མི་ཚུ་གིས་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་སྟེ་འདུག།
རྫོང་ཁག་གསོ་བའི་འགོ་དཔོན་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཞབས་ཏོག་དེ་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ སྨན་ཁང་ནང་ ཕོ་མཚན་ཤུབས་ཀྱི་ མཁོ་འདོད་བཀོད་མི་ མར་བབས་སོང་ཡི་ཟེར་ཨིན་པས།
ཕོ་མཚན་ཤུབས་ ལག་ལེན་པ་ཚུ་གིས་ འཕྲུལ་ཆས་ནང་ དངུལ་ཀྲམ་༥ བཙུགསཔ་ད་ ཕོ་མཚན་ཤུབས་༣ ཐོན་དོ་ཡོདཔ་ལས་ སྨན་ཁང་དང་ སྨན་ཚོང་ཁང་ནང་ འགྱོ་མ་དགོ་པའི་ ཁེ་ཕན་ཡོདཔ་ཨིན་པས།
འཕྲུལ་ཆས་ཚུ་ཡང་ ལུས་འབྲེལ་ལུ་བརྟེན་སྤེལ་བའི་ ནད་གཞི་ཚུ་ བཀག་ཐབས་ལུ་ མི་རློབས་ལེ་ཤ་ཡོད་མི་དང་འཁྲིལ་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ནང་ ས་གནས་དང་དུང་དང་ ཀུན་དགའ་རབ་བརྟན་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ཉེ་འདབས་ དེ་ལས་ ཀྲོང་གསར་ཁྲོམ་ཚུ་ནང་ གསོ་བ་ལྷན་ཁག་ རྒྱལ་ཡོངས་ཨེཆ་ཨའེ་བི/ཨེཌསི་བཀག་ཐབས་ལས་རིམ་གྱིས་ གཞི་བཙུགས་འབད་ནུག།
རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མི་ཚུ་གིས་ སྨན་ཁང་ལས་ ཕོ་མཚན་ཤུབས་ཚུ་ རིན་མེད་སྟོང་པ་སྦེ་ འབག་ཐོག་ལས་ ལོག་སྤྱོད་འབད་ཡོད་རུང་ ད་རེས་ ཕོ་མཚན་ཤུབས་ལུ་ ཟད་འགྲོ་བཏང་དགོ་ནི་དེ་གིས་ ཕོ་མཚན་ལག་ལེན་འཐབ་ཐངས་ཡང་ ཡར་དྲག་སོང་ནུག་ཟེར་ཨིན་པས།
སྟག་རྩེ་མཐོ་རིམ་སློབ་གྲྭའི་ ཉེ་འདབས་ལུ་ མོ་མཚན་འཕྲུལ་ཆས་ བདག་འཛིན་འཐབ་མི་ ཚོང་པ་སྒྲོལ་མ་གིས་ འཕྲུལ་ཆས་ནང་ ཟླཝ་རེ་ལུ་ ཕོ་མཚན་ཤུབས་༡༤༤ འབད་མི་ སྒྲོམ་༢ བཙུགས་དགོཔ་བྱུངམ་མས་ཟེར་ བཤད་པའི་ཁར་ ཞབས་ཏོག་ལེན་མི་ཡང་ གཡུས་ཁའི་ན་གཞོན་རེ་གཉིས་མ་གཏོགས་ མང་ཤོས་ར་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ ལག་ལེན་འཐབ་མས་ཟེར་ཨིན་པས།
གསོ་བའི་འགོ་དཔོན་གྱིས་འབད་བ་ཅིན་ རྫོང་ཁག་དེ་ནང་ ཞབས་ཏོག་དེ་ལུ་བརྟེན་ ལུས་འབྲེལ་ལུ་སྤེལ་བའི་ ནད་གཞི་དེ་ ག་དེམ་ཅིག་ མར་འབབ་འགྱོ་ཡོད་མེད་ཀྱི བརྟག་ཞིབ་ཅིག་འབད་རུང་ སྤྱིར་བཏང་ཕོ་མཚན་ཤུབས་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་བཟོ་མི་ལུ་བརྟེན་ ནད་གཞི་ཚུ་ཡང་ མར་བབས་སོང་ཡོད་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
འཕྲུལ་ཆས་ཚུ་ གཞི་བཙུགས་འབད་དེ་ ཟླཝ་༡༡ ནང་འཁོད་ལུ་ ཕོ་མཚན་ཤུབས་༢,༥༠༠ བཏོན་མི་ལུ་ལྟཝ་ད་ མི་གྲངས་༨༠༠ ལྷགཔ་ཅིག་གིས་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
གསོ་བའི་བརྡ་དོན་ལྟེ་བའི་འགོ་དཔོན་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ འཕྲུལ་ཆས་༤ བཙུགས་མིའི་གྲས་ལས་ མང་ཤོས་ར་ སྟག་རྩེ་ལུ་ཡོད་མི་དེ་ མངམ་ལག་ལེན་འཐབ་མི་དེ་ཡང་ མི་རློབས་མང་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
སྟག་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ལུ་བརྟེན་ ཕན་ཐོགས་སྦོམ་སྦེ་ར་ བྱུང་མི་དེ་ཡང་ མཐོ་རིམ་སློབ་གྲྭ་ནང་ ལྷོད་པའི་སྐབས་ ག་ར་ལུ་ དགའ་མཐུན་རེ་ འོང་དོ་ཡོདཔ་ལས་ ནམ་རའབད་རུང་ ཕོ་མཚན་ཤུབས་ཐོབ་མི་ལུ་བརྟེན་ཨིན་ཟེར་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།