༉ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་ནང་ གླངམོ་ཆེ་གིས་ མི་ལུ་གནོད་སྐྱོན་རྐྱབ་པའི་ཤུལ་ལས་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་བསྐྱལ་མི་ ཉམས་རྒུདཔ་དེ་ ཁ་ཙ་ ལོག་ཁྱིམ་ནང་བཏང་ནུག།
བསམ་གྲུབ་ལྗོངས་མཁར་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གླངམོ་ཆེ་དེ་གིས་ སྐྱེས་ལོ་༣༤ ལང་མི་ སོ་ནམ་པ་དེ་ འཐུ་བཀོག་བཏང་པའི་སྐབས་ རྒྱབ་ཁར་རྨ་སྐྱོན་དུམ་གྲ་ཅིག་ བཏོན་ཡོདཔ་མ་གཏོགས་ རྨ་སྐྱོན་སྦོམ་ཅིག་ ག་ནི་ཡང་ མ་འབྱུང་མས་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒཔོ་ འཇམ་དཔལ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྐྱེན་ངན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༡ གི་ དྲོ་པའི་ཆུ་ཚོད་ཕྱེད་དང་༥ དེ་ཅིག་ཁར་ ཁ་སྨད་ཐང་སྤྱི་འོག་ནང་ བྱུང་ནུག་ཟེར་ཨིནམ་ད་ ཉམས་རྒུདཔ་དང་ ཁོ་རའི་ ཕོ་རྒནམ་༢ ཡོད་མི་དེ་ཡང་ དེ་ཚེ་དྲོ་པ་ལོང་པའི་སྐབས་ གླངམོ་ཆེ་དེ་ ཁྱིམ་གྱི་རྩ་བར་ཡོདཔ་ལས་ ཁོ་གིས་ ཚར་གཅིག་གུ་ གླངམོ་ཆེ་ལུ་ འཕྲུལ་མེ་བཏེག་བཏངམ་ད་ གླངམོ་ཆེ་དེ་ བྱོག་ཡར་སོ་ནུག་ཟེར་ཨིན་པས།
དེ་ལས་ ཁོང་༢ ཀྱིས་ གླངམོ་ཆེ་བདའ་གཏང་ནིའི་དོན་ལུ་ སྐད་རྐྱབ་སྟེ་ ཉེ་འདབས་ཀྱི་ མི་ཚུ་འབོ་པའི་སྐབས་ མི་༦ འོང་ཡོདཔ་བཞིན་དུ་ ཁོང་གིས་ཆ་རོགས་འབད་དེ་ གླངམོ་ཆེ་བདའ་བཏངམ་ད་ ལོག་གནོད་སྐྱོན་རྐྱབ་པར་ འོང་པའི་སྐབས་ མི་༥ གིས་ བྱོག་ཚུགས་རུང་ ཉམས་རྒུདཔ་དེ་ ས་ཁར་འགྱེལ་སོཔ་ལས་ གླངམོ་ཆེ་གིས་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
ཨིན་རུང་ ཉམས་རྒུད་པའི་ ཕོ་རྒནམ་དེ་གིས་ བཀག་ཐབས་འབད་ནིའི་དོན་ལུ་ རྒྱབ་ཁར་ལས་ གླངམོ་དེ་ལུ་ སྐད་རྐྱབ་སྟེ་ དཀྲོགས་པའི་སྐབས་ གླངམོ་ཆེ་དེ་གིས་ ཁོ་ལུ་གནོད་རྐྱབ་པར་འོངམ་ད་ ནུ་གཅུང་དེ་ བྱོག་ཐལ་ཚུགས་ནུག་ཟེར་ རྒཔོ་འཇམ་དཔལ་རྒྱལ་ཚན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ གླངམོ་ཆེ་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༠ གི་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ སྤྱི་འོག་དེ་ནང་ཡོད་མི་ གེ་ཟའི་ཁྱིམ་ཚུ་ནང་ ག་ཟ་ཟ་ཡོདཔ་མ་ཚད་ ངང་ལག་ཤིང་ཚུ་ལུ་ གནོད་པ་རྐྱབ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྨིན་གྲུབ་གླིང་སྤྱི་འོག་ནང་ཡང་ གླངམོ་ཆེ་དེ་གིས་ ས་ཆ་ཨེ་ཀར་༧༠༠ ནང་ འཛུགས་སྐྱོང་འབད་མི་ འབྱ་ཞིང་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིནམ་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ རྒེད་འོག་དེ་ནང་ སྤྱི་ལོ་༢༠༡༤ ལས་ར་ སྤྱི་འོག་ག་རའི་ནང་ གློག་ཐང་ར་བ་བསྒོར་ཡོད་རུང་ གླངམོ་ཆེ་དེ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ གླངམོ་ཆེ་དེ་གིས་ མི་ལུ་གནོད་སྐྱོན་རྐྱབ་མི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་མི་དང་འཁྲིལཝ་ད་ ཁ་སྨད་ཐང་རྒེད་འོག་ནང་ གླངམོ་ཆེ་དང་འབྲེལ་བའི་ དཀའ་ངལ་དེ་ ཐོན་བཞིན་དུ་ཡོདཔ་ལས་ ས་གནས་ཀྱི་མི་ཚུ་ ཨ་རྟག་ར་ འདྲོག་བྱེལ་ཐོག་ལུ་ སྡོད་དགོཔ་བྱུངམ་མས་ཟེར་ བཀོད་ནུག།
དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་རྒེད་འོག་ རེ་གླིང་སྤྱི་འོག་ནང་ཡང་ གླངམོ་ཆེ་གིས་ སྐྱེས་ལོ་༦༧ ལང་མི་ སོ་ནམ་པ་ཅིག་ བསད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།