བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ སྒོ་ཕྱེ་བའི་བསྒང་།

ཕུན་ཚོགས་གླིང་ རྒྱལ་སྤྱིའི་ས་མཚམས་ཞིབ་དཔྱད་སྒོ་ར་ ལོག་སྒོ་ཕྱེས་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་ རྒྱལ་སྤྱིའི་ས་མཚམས་ཞིབ་དཔྱད་སྒོ་ར་དེ་ ལྟ་བཤལཔ་དང་ སྤྱིར་བཏང་མི་ཚུ་གི་དོན་ལུ་ ལོག་སྒོ་ཕྱེས་མི་དང་འབྲེལ་ མི་ཚུ་གིས་ དགའ་སྤྲོའི་ཐོག་ལས་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ལས་ རྒྱལ་ཁབ་ནང་ འོང་ཡོདཔ་ཨིན་པས།

ལྟ་བཤལཔ་འོང་མིའི་གྲས་ལས་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ལས་ རྒྱ་གར་ལྡི་ལི་ལས་ བཟའ་གྲོགས་༡ རྒྱལ་ཁབ་ནང་འོང་མི་དེ་ ལུང་ཕྱོགས་ལྟ་བཤལཔ་ འགོ་དང་པ་ཨིནམ་ལས་ འགོ་དཔོན་ཚུ་གིས་ ཁ་དར་དང་གཅིག་ཁར་ བསུ་བ་འབད་ཡོདཔ་ཨིན་པས།

སྐྱེས་ལོ་༧༤ ལང་མི་ མོ་ཧཱན་དིར་ ཀུ་མར་ར་ཁི་ཇ་དང་ སྐྱེས་ལོ་༧༥ ལང་མི་ གུ་དི་ར་ཁི་ཇ་༢ ལུ་ སྤྱི་ཟླ་༩ པའི་ཚེས་༢༡ ལས་ སྤ་རོ་ལུ་ ཟ་ཁང་མཁོ་མངགས་འབད་ཡོད་རུང་ ནང་ན་འཛུལ་མ་ཚུགསཔ་ལས་ ས་མཚམས་ཞིབ་དཔྱད་སྒོ་ར་ སྒོ་ཕྱེ་ནིའི་དོན་ལས་ ཇའི་སྒང་ལུ་ བསྒུགས་ཡོདཔ་ཨིན་པས།

བཟའ་གྲོགས་དེ་ ཉིནམ་༦ གི་རིང་ རྒྱལ་ཁབ་ནང་ སྡོད་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ ཁོང་༢ ཀྱི་ གཉེན་སྟོན་ཐེངས་༤༨ པ་དེ་ཡང་ བརྩི་སྲུང་འབད་ནི་ཨིནམ་ད་ སློབ་དཔོན་བགྲེསཔ་ཅིག་ཨིན་མི་ གུ་དི་ར་ཁི་ཇ་གིས་ སླབ་མིའི་ནང་ འཛམ་གླིང་རྒྱལ་ཁབ་ལེ་ཤ་ཅིག་ནང་ ལྟ་སྐོར་འབད་ཡོད་རུང་ འབྲུག་ལུ་འོང་ནི་དེ་ ཧེ་མ་ལས་ར་ རེ་བ་བསྐྱེད་སྡོད་ཡི་ཟེར་ཨིན་པས།

ཕྱི་མི་ནང་སྐྱོད་ཀྱི་ ཡིག་ཆའི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ སྤ་རོ་ལུ་ ཁོང་༢ ཀྱི་ ཟ་ཁང་མཁོ་མངགས་ཀྱི་ དཀའ་ངལ་ཐོནམ་ལས་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ཁོང་༢ ལུ་ ཟ་ཁང་སོ་སོར་ཅིག་ མཁོ་མངགས་འབད་ཡོདཔ་མ་ཚད་ སྤ་རོ་ཚུན་ གླ་འཁོར་ཡང་ འཚོལ་བྱིན་ཡོདཔ་ཨིན་པས།

རྒྱ་གར་གུ་ཇ་རཱཌ་ ཨ་མི་ད་བཱཊ་ལས་ གཞུང་གཡོགཔ་ཅིག་ཨིན་མི་ དར་མེན་ད་ར་ གུལ་ཝ་ནི་གིས་ སླབ་མིའི་ནང་ འབྲུག་ལུ་ ནང་པའི་ཆོས་ལུགས་ ཞིབ་འཚོལ་འབད་ནིའི་དོན་ལུ་ འོང་ཡི་ཟེར་ཨིནམ་ད་ ཁོ་ར་ སྒོམ་རྐྱབ་ནི་ལ་སོགས་པ་ཚུ་ འབད་དོ་ཡོདཔ་ལས་ ས་མཚམས་སྒོ་ཕྱེ་ནི་ལུ་ བསྒུག་སྡོད་ཡི་ཟེར་ཨིནམ་ད་ ཉིནམ་༣ གྱི་རིང་ ཐིམ་ཕུག་དང་ སྤ་རོ་སྟག་ཚང་ལུ་ ལྟ་སྐོར་འབད་ནི་ཨིན་པས།

ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཕུན་ཚོགས་གླིང་ལུ་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ སྒོ་ཕྱེས་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༢༣ ལུ་ ཀོ་བིཌ་-༡༩ བཀག་འཛིན་གྱི་ ཐབས་ལམ་ཅིག་སྦེ་ རྒྱལ་སྤྱིའི་ས་མཚམས་ཞིབ་དཔྱད་སྒོ་ར་ཚུ་ སྒོ་བསྡམས་ཏེ་ ཟླཝ་༣༠ དེ་ཅིག་གི་ཤུལ་ལས་ ལོག་སྒོ་ཕྱེས་ཡོདཔ་ད་ ཕུན་ཚོགས་གླིང་དང་གཅིག་ཁར་ དགེ་ལེགས་ཕུག་དང་ བསམ་རྩེ་ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་ཞིབ་དཔྱད་སྒོ་ར་ སྒོ་བསྡམས་ཡོད་མི་ཚུ་ཡང་ ཁ་ཙ་ སྒོ་ཕྱེས་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་དང་ ཇའི་སྒང་ལས་ མི་བརྒྱ་ལས་བཅད་དེ་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ལས་ འཛུལ་ཞུགས་འབད་དེ་ དགའ་སྤྲོ་དང་བཅསཔ་སྦེ་ ཁ་དར་དང་གཅིག་ཁར་ བསུ་བ་འབད་ཡོདཔ་བཞིན་དུ་ ཁ་ཙ་ ཕུན་ཚོགས་གླིང་ལས་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ཡང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།

ཡུ་ཨེསི་ཨེ་ བིར་གི་ནི་ཡ་ལས་ སྐྱེས་ལོ་༤༥ ལང་མི་ ཇ་རེཌ་གིས་ ཡུན་བརྟན་གོང་འཕེལ་འཐུས་གསརཔ་ ཡུ་ཨེས་ཌོ་ལར་༢༠༠ སྤྲོད་ཡོདཔ་བཞིན་དུ་ ཁོ་གི་ཆ་རོགས་དེ་ ཧེ་མའི་ ཡུན་བརྟན་གོང་འཕེལ་འཐུས་སྤྲོད་དེ་ འོང་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་ར་ ནེ་པཱལ་ལུ་ ལྟ་སྐོར་འབདཝ་དང་འབྲེལ་ འབྲུག་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ འབྲུག་འདི་ ཕྱགས་སྙིགས་མེད་པའི་ གཙང་སྦྲ་ལྡན་པའི་ རྒྱལ་ཁབ་ཅིག་ཨིནམ་སྦེ་ ཧ་གོཝ་ལས་ ཧེ་མ་ལས་ར་ འོང་ནིའི་མནོ་བསམ་བཏང་རུང་ ས་མཚམས་ཚུ་ སྒོ་བསྡམས་ཡོདཔ་ལས་ འོང་མ་ཚུགས་ཟེར་ཨིན་པས།

ཡུན་བརྟན་གོང་འཕེལ་འཐུས་གསརཔ་གི་ཐད་ཁར་ ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ག་ཏེ་འབད་རུང་་ དེ་བཟུམ་མའི་ ལྟ་བཤལ་སྲིད་བྱུས་ཚུ་ བསྒྱུར་བཅོས་འགྱོ་དོ་ཡོདཔ་བཞིན་དུ་ ནད་ཡམས་ཀྱིས་ རྒྱལ་ཁབ་ག་ར་ལུ་ གནོད་ཡོདཔ་ད་ ཡུན་བརྟན་གོང་འཕེལ་འཐུས་དེ་ ཐབས་ལམ་བཟུམ་ཅིག་ཨིན་ཟེར་ཨིན་པས།

འབྲུག་འདི་ ག་ནི་བ་ མཛེས་ཏོག་ཏོ་ཡོདཔ་ལས་ འབྲུག་གི་དོན་ལུ་ ཡུན་བརྟན་གོང་འཕེལ་འཐུས་གསརཔ་ སྤྲོད་ནི་དེ་ འོས་འབབ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།

བིར་གི་ནི་ཡ་ལས་ཨིན་མི་ ཁོ་གི་ཆ་རོགས་ ཇོན་དུན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༠ ཟླ་༡ པའི་ནང་ འབྲུག་ལུ་འོང་ནིའི་ འཆར་གཞི་བརྩམས་རུང་ ནད་ཡམས་ལུ་བརྟེན་ འོང་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་ མི་སྡེ་བརྡ་བརྒྱུད་ ཡུ་ཊུབ་ནང་ གློག་བརྙན་ཚུ་ལྟ་སྟེ་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ ཤེས་རྟོགས་བྱུངམ་ལས་ འབྲུག་འདི་ མཛེས་ཆ་དང་ལྡན་པའི་ རྒྱལ་ཁབ་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *