ཕུན་ཚོགས་གླིང་ལུ་ ཨ་ལོ་རྨས་སྐྱེས་བཀོག་མིའི་ གནད་དོན་ནང་ སྒྲུབ་བྱེད་གསརཔ་ཐོན་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ཨ་ལོ་གསར་སྐྱེས་ཅིག་ བཀོག་ཡོད་པའི་གནད་དོན་ནང་ ཨ་ལོའི་ཨ་པ་དེ་ སྐྱེས་ལོ་༡༩ ལང་མི་ སློབ་རིམ་༨ པའི་ སློབ་ཕྲུག་ཅིག་ཨིནམ་སྦེ་ ཐོན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ སྤྱི་ཟླ་༤ པའི་ཚེས་༡༥ འི་དྲོ་པ་ ཕུན་ཚོགས་གླིང་ དགོས་འདོད་ལམ་ལས་ ལྗིད་ཚད་ཀེ་ཇི་༣.༦ ལང་མི་ ཨ་ལོའི་ཕུངམ་ཅིག་ ཐོབ་ཡོདཔ་ཨིན་པས།
ཨ་ལོ་གསར་སྐྱེས་དེ་ ཐོག་ཚད་༣ འབད་མི་ ཟ་ཁང་ཅིག་གི་ སྒོ་སྒྲིག་ནང་ལས་ བཀོག་བཏང་ཡོདཔ་ཨིན་པས།
ཧཱ་རྫོང་ཁག་ སེག་སྟེ་ནང་སློབ་གྲྭ་ཆུང་བའི་ ཕྱགསམ་འཕྱག་མི་ཨིན་མི་ སྐྱེས་ལོ་༢༤ ལང་མི་ ཨ་ལོའི་ཨའི་དེ་དང་ སློབ་གྲྭ་དེ་གི་ དབུ་འཛིན་ངོ་ཚབ་ དེ་ལས་ སློབ་དཔོན་གཞན་མི་ཅིག་ཡང་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་༣ ཆ་ར་ དགོས་འདོད་ལམ་ནང་ཡོད་པའི་ ཟ་ཁང་ཅིག་ནང་ རྐྱེན་ངན་མ་འབྱུང་བའི་ཧེ་མར་ ཕྱི་རུ་ཁམས་ཅིག་ཁར་ འཛུལ་ཡོདཔ་ཨིན་པས།
ཚན་རིག་བརྟག་དཔྱད་དང་འཁྲིལཝ་ད་ ཨ་ལོ་རྨས་སྐྱེས་དེ་ སྤྱི་ཟླ་༤ པའི་ཚེས་༡༤ གི་ ནུབ་མོ་སྐྱེས་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཨམ་སྲུ་དེ་གིས་ ངག་བརྗོད་བཀོད་མིའི་ནང་ ཨ་ལོའི་ཨ་པ་དེ་ གཡུས་ཁ་ལུ་ ནོར་རྫིཔ་ཅིག་ཨིནམ་ད་ ཨ་ལོ་དེ་ སྒོ་ཅུང་ནང་ལས་ བཀོག་ཡོད་པའི་ ཁ་བཟེད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སློབ་གྲྭའི་དབུ་འཛིན་དེ་དང་ སློབ་དཔོན་༢ ཀྱི་ཁྲག་ རྒྱ་གར་ཀཱོལ་ཀ་ཊ་ལུ་ ཚན་རིག་བརྟག་དཔྱད་འབད་བར་ བསྐྱལ་བཏང་ཡོདཔ་ད་ ད་ལྟོ་གྲུབ་འབྲས་དེ་ མ་ལྷོད་པར་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་དེ་ སྤྱི་ཟླ་༥ པའི་ ཚེས་༡༤ ལུ་ ཁྲིམས་འཐུས་བཏབ་དེ་ ཐོན་ཡོདཔ་ཨིན་པས།
གནད་དོན་དེ་གི་སྒྲུབ་བྱེད་ ནུས་ཅན་ཅིག་ མེད་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཁྲིམས་སྲུང་སྡེ་ཚན་ཅིག་ སེག་སྟེ་ནང་ལུ་ ཞིབ་དཔྱད་འབད་བར་ བཏང་ཡོདཔ་ཨིན་པས།
ཞིབ་དཔྱད་དེ་ནང་ དོ་དམ་འོག་ལུ་ཡོད་པའི་ ཨམ་སྲུ་དེ་ ཧེ་མ་ སེག་སྟེ་ནང་སློབ་གྲྭའི་ སློབ་ཕྲུག་བགྲེསཔ་ཅིག་དང་ འབྲེལ་བ་འཐབ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
སློབ་ཕྲུག་བགྲེསཔ་དེ་ ཨམ་སྲུ་དེ་གི་ ཁྱིམ་ཚང་ཨིནམ་མ་ཚད་ ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ མོ་རའི་ཕམ་གྱིས་ ཁྱིམ་རྐྱབ་སར་ ཆ་རོགས་འབད་བར་ སོང་ཡོདཔ་ད་ དེ་བསྒང་ལས་ ཁོང་༢ གིས་བར་ན་ འབྲེལ་བ་བྱུང་ཡོདཔ་ཨིན་པས།
སློབ་ཕྲུག་བགྲེསཔ་དེ་གིས་ སླབ་མི་དང་འཁྲིལཝ་ད་ མོ་གིས་ཁྱིམ་ནང་ སྡོད་པ་མ་ཚད་ མོ་གི་ཕམ་༢ ཁང་མིག་སོ་སོར་ནང་ ཉལ་ཡོདཔ་བཞིན་དུ་ ཁོང་༢ གཅིག་ཁར་ཉལ་ཡི་ཟེར་ཨིན་པས།
དེ་ལས་ ཁོ་གིས་ མོ་ལུ་དགའ་ཟེར་ མགུ་སྐོར་རྐྱབ་ཡོདཔ་ད་ དེ་ལས་ཚུར་ ཁོང་༢ ཀྱི་བར་ན་ འབྲེལ་བ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ ཨ་ལོ་བཀག་ཐབས་འབད་ནིའི་ ཐབས་ལམ་ལག་ལེན་མ་འཐབ་མི་ལུ་བརྟེན་ ཧེ་མ་ཡང་ མོ་གིས་ ཨ་ལོ་མངལ་བཤལ་བཏང་ཡོདཔ་སྦེ་ཨིན་པས།
མོ་གིས་ ཨ་ལོ་མངལ་བཤལ་བཏང་ཡོད་པའི་སྐོར་ལས་ ཁོ་ལུ་མ་སླབ་པར་ བཞག་ཡོདཔ་ཨིན་རུང་ ཟླ་ཁྲག་མ་འོང་པའི་སྐོར་ལས་ ཁོ་ལུ་ ཚར་གཅིག་ སླབ་ཡོདཔ་ཨིན་པས།
ཁོ་གི་ ཕམ་ཚུ་གིས་ ཁོང་༢ འབྲེལ་བ་འཐབ་ནི་མེད་པའི་སྐོར་ལས་ ག་དེམ་ཅིག་སླབ་རུང་ ཁོ་གིས་ ཉན་མ་བཏུབ་པར་ འབྲེལ་བ་འཐབ་སྟེ་ར་ སྡོད་ཡོདཔ་ཨིན་པས།
སློབ་ཕྲུག་བུཚ་དེ་ སློབ་གྲྭ་གཞན་ཅིག་ཁར་ སོང་ཡོད་རུང་ སྤྱི་ལོ་༢༠༡༧ ལོའི་ ལོ་ཕྱེད་ངལ་གསོ་སྐབས་ ཁོང་༢ ད་རུང་ གཅིག་ཁར་ཕྱད་དེ འདོད་སྤྱོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ཟླཝ་༡ པའི་ནང་ མོ་གིས་ སློབ་ཕྲུག་བུཚ་དེ་ལུ་ ཟླ་ཁྲག་མ་འོང་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཁོ་གིས་ ཨ་ལོ་ཆགས་འོང་ཟེར་བའི་ དོགས་པ་ཆགས་ཡོད་རུང་ གཏན་འཁེལ་སྦེ་ ཀུན་གསལ་ནང་ གནས་ཚུལ་མཐོང་བའི་ཤུལ་ལས་རྐྱངམ་གཅིག་ ཧ་གོ་ཡོདཔ་ཨིན་པས།
གནས་ཚུལ་གྱི་ འབྱུང་ཁུངས་ཅིག་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ནང་ ཨམ་སྲུ་དེ་ འཛིན་བཟུང་འབད་བའི་སྐབས་ སྨན་ཁང་ནང་ བརྟག་ཞིབ་འབད་བར་ མ་འགྱོ་ཚུན་ མོ་གིས་ ཨ་ལོ་སྐྱེས་ཡོདཔ་སྦེ་ ཁ་བཟེད་མ་བཏུབ་ཨིན་པས།
དེ་མ་ཚད་ ཁྲིམས་སྲུང་འགག་པ་ལུ་ཡང་ ཨ་ལོ་དེ་ སྐྱེས་བའི་བསྒང་ལས་ ཤི་སོ་ནུག་ཟེར་ སླབ་ཡོདཔ་ཨིན་པས།
སློབ་དབུ་འཛིན་དང་ སློབ་དཔོན་༢ ཡང་ ཁང་མིག་དེ་ནང་ གཅིག་ཁར་སྡོད་ཡོདཔ་ཨིན་རུང་ ཁང་མིག་ནང་ ཨ་ལོ་སྐྱེས་ཡོད་པའི་ རྟགས་མཚན་ག་ནི་ཡང་མེད་པའི་ ཤེས་རྟོགས་བྱུང་ནུག།
དེ་བཟུམ་སྦེ་ དབུ་འཛིན་ངོ་ཚབ་དང་ སློབ་དཔོན་༢ ལུ་ ཆ་རོགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *