ཧེ་མ་འབད་བ་ཅིན་ རྟ་དྲེལ་ཚུ་ ཁུར་ཆ་འབག་མི་སྦེ་ ལག་ལེན་འཐབ་ཡོད་རུང་ ད་རེས་ནངས་པར་ ཕུན་ཚོགས་གླིང་ཁྲོམ་ཁར་ བདག་མེད་སྦེ་ བཞག་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ལུ་ རྟ་ཚུ་བདག་མེད་བཞག་པའི་གདོང་ལེན།

༉ ཕུན་ཚོགས་གླིང་ལུ་ རྟ་དྲེལ་ཚུ་ བདག་འཛིན་འཐབ་མི་མེད་པར་ སྤྱང་འཁྱམས་སྡོད་དེ་ ལོ་ལེ་ཤ་ ལང་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ལས་ གྱངས་ཁ་དེ་ཡང་ ཡར་སེང་སོང་མི་ལུ་བརྟེན་ ཁྲོམ་སྡེ་ཡིག་ཚང་དང་ ས་གནས་ནང་ སྡོད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ལྷོད་ཡངས་བཏང་པའི་ཤུལ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ སྤྱང་འཁྱམས་སྡོད་མི་ རྟ་༣༤ དེ་ཅིག་ ཨ་མོ་ཆུའི་ཟམ་ཁ་ཐུག་ལུ་ བདའ་བཏང་ཡོདཔ་ཨིན་པས།

ཨིན་རུང་ དེ་གི་ནངས་པར་ རྟ་༣༠ དེ་ཅིག་ ལོག་ཁྲོམ་གྱི་ ས་ཁོངས་ནང་ འོང་ཡོདཔ་ད་ རྟ་༣ ལུ་ གནོད་སྐྱོན་དང་༡ ལུ་ རྨ་སྦོམ་སྦེ་ར་ ཐོན་ཏེ་ཡོདཔ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༠ ལུ་ སྤ་རོ་ལུ་ཡོད་མི་ འབྲུག་གི་བཱན་ཡཱཌ་སེམས་ཅན་སྲོག་སྐྱབས་དང་ཉེན་སྲུང་ལས་སྡེ་གིས་ རྨ་སྐྱོན་བྱུང་མི་ རྟ་མོ་༢ བདག་འཛིན་འཐབ་ཡོདཔ་ད་ རྟ་སྐྱེལ་འདྲེན་ཡང་ ཁྲོམ་སྡེ་གིས་ ས་གནས་སོར་ཅན་ཚུན་ བདེ་སྒྲིག་འབད་ནུག། 

ཁྲོམ་སྡེའི་འགོ་དཔོན་ རྒྱ་མཚོ་འབྲུག་པ་གིས་ སླབ་མིའི་ནང་ རྟ་ག་ར་ ཨ་མོ་ཆུའི་ཟམ་གྱི་ ས་ཁོངས་ནང་ བདའ་གཏང་ནི་སྦེ་ འཆར་གཞི་བརྩམས་པའི་སྐབས་ མི་༣ དང་ཕྱད་དེ་ ས་ཁོངས་དེ་ནང་ རྟ་ཚུ་ གཏང་བཞག་པ་ཅིན་ ཁོང་རའི་ ལོ་ཐོག་ལུ་ གནོདཔ་བཀལ་འོང་ཟེར་ སླབ་པའི་ཤུལ་ལས་ ལམ་བདའ་སྟེ་ བཏང་བཞག་ཅི་ཟེར་ཨིན་པས།

ཨིན་རུང་ ཉིནམ་༡ གི་རྒྱབ་ལས་ རྟ་དེ་ཚུ་ ཁྲོམ་ཁར་ལོག་འོང་ཡོདཔ་བཞིན་དུ་ རྟ་མང་ཤོས་ཅིག་ར་ རྨ་སྐྱོན་བྱུང་སྟེ་ཡོད་པའི་ཁར་ རྟ་༤ ལོག་མ་འོངམ་ལས་ མི་ཚུ་གིས་ གསད་ནི་གི་ ཉེན་ཁ་ཡོད་ཟེར་ རྒྱ་མཚོ་འབྲུག་པ་གིས་ བཤདཔ་ཨིན་པས།

ད་རེས་ ཕུན་ཚོགས་གླིང་ཁྲོམ་ནང་ ཇོ་བདག་མེད་མི་ རྟ་དྲེལ་༢༩ དེ་ཅིག་ ཡོདཔ་ཨིན་པས།

རྒྱ་མཚོ་འབྲུག་པ་གིས་ སླབ་མིའི་ནང་ རྟ་ཚུ་གིས་ སྣུམ་འཁོར་བཏང་མི་ཚུ་ལུ་ སྟབས་མ་བདེཝ་བཟོཝ་མ་ཚད་ རོ་ཁྱི་འཆོལ་ནད་ཐོབ་མི་ཚུ་གིས་ རྟ་ཚུ་སོ་བཏབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

རྟ་ཚུ་གིས་ མི་བདའ་འགྱོ་བའི་ གནད་དོན་ཡང་ ཐོན་ཡོདཔ་ལས་ འཆོལ་ནད་ཐོབ་མི་ རྟ་ཚུ་འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།

འབྲུག་གི་བཱན་ཡཱཌ་སེམས་ཅན་སྲོག་སྐྱབས་དང་ཉེན་སྲུང་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ ཇ་མི་ བཱ་གཱན་གྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལས་ རྨ་སྐྱོན་བྱུང་མི་ རྟ་མོ་༢ འབག་མི་དེ་ གནས་སྟངས་ལེགས་ཤོམ་ཡོད་པའི་ཁར་ རྨ་ཚུ་ཡང་ དྲག་སྟེ་ཡོད་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ རྟ་ཚུ་ལུ་ རྨ་སྐྱོན་བྱུང་པའི་སྐོར་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ འགྲོ་འགྲུལ་བཀག་དམ་དང་ འཆོལ་ནད་ཁྱབ་སྤེལ་འགྱོ་བའི་སྐབས་ རྟ་ཚུ་ ལྟ་རྟོག་འབད་ཡོདཔ་མ་ཚད་ རྟ་ཚུ་གི་ ཆག་མཁོ་སྒྲུབ་འབད་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོད་རུང་ ལཱ་མང་ཤོས་ར་ ཁྲོམ་སྡེ་གིས་ འབད་ཡི་ཟེར་ཨིན་པས།

ལས་སྡེ་གིས་ རྨ་སྐྱོན་བྱུང་མི་ རྟ་དེ་ལུ་ མིང་ཡང་ བསོད་ནམས་སྦེ་ བཏགས་ཏེ་ཡོདཔ་ད་ རྨ་སྐྱོན་བྱུང་མི་ རྟ་༢ སོར་ཅན་ལུ་ སྐྱེལ་འདྲེན་མ་འབད་བའི་ཧེ་མར་ ཁྲོམ་སྡེ་སྒོ་ནོར་འགོ་དཔོན་དང་ ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྨ་སྐྱོན་ཚུ་ སྨན་བཅོས་འབད་ནུག་ཟེར་ ཇ་མི་ བཱ་གཱན་གྱིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ ལས་སྡེ་གིས་ བདུན་ཕྲག་༢ ཀྱི་ ནང་འཁོད་ལུ་ ད་རུང་ རྨ་སྐྱོན་བྱུང་མི་ རྟ་༣ ཕུན་ཚོགས་གླིང་ལས་ སྤ་རོ་ལུ་ སྐྱེལ་འདྲེན་འབད་ནིའི་ ལས་འཆར་ཡོདཔ་བཞིན་དུ་ རྟ་བཞག་ནི་གི་ ས་གོ་ཚུ་ཡང་ འཚོལ་བཞག་སྟེ་ཡོད་ཟེར་ཨིན་པས།

ལས་སྡེ་གིས་ མ་འོངས་པ་ལུ་ རྟ་༢༩ ག་ར་ སྤ་རོ་ལུ་བསྐྱལ་ནིའི་ ལས་འཆར་ཡོདཔ་ད་ ད་ལྟོ་ ལས་སྡེ་ལུ་ རྟ་༦༠ དེ་ཅིག་ ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་དཔོན་ ཨུ་ཊར་ཀུ་མར་ རའེ་གིས་ སླབ་མིའི་ནང་ ཇོ་བདག་མེད་མི་རྟ་ཚུ་ འཛིན་སྐྱོང་འཐབ་ནི་དེ་ གདོང་ལེན་ཅན་ཅིག་ཨིན་པའི་ཁར་ ཇོ་བདག་ག་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ཨིན་པས།

ཁྲོམ་སྡེ་གི་ རྟ་བཞག་སའི་ ས་ཁོངས་ནང་ རྟ་༡༠ རྐྱངམ་གཅིག་ ཤོང་ཚུགས་དོ་ཡོདཔ་ད་ ཁྲོམ་སྡེ་གིས་ རྟ་ཚུ་ལུ་ ཆག་བྱིན་ནིའི་ ལས་མི་ཚུ་ཡང་ བགོ་བཀྲམ་འབད་དེ་ཡོདཔ་བཞིན་དུ་ ད་ལྟོ་ ཁྲོམ་སྡེ་གིས་ ལཱ་འབད་མི་དེ་ གནས་སྐབས་ཀྱི་ ཐབས་ཤེས་ཅིག་ཨིན་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་ག་རའི་ནང་ དཀའ་ངལ་ཚུ་ འཐོན་སྲིད་ནི་ཨིནམ་ལས་ སེལ་ཐབས་འབད་ནི་ལུ་ འགན་ཁུར་འབག་དགོ་ཟེར་ཨིནམ་ད་ དུས་ཡུན་ཟླཝ་༦ ཡང་ཅིན་ ལོ་༡ གི་ ནང་འཁོད་ལུ་ རྟ་གི་ཇོ་བདག་ མ་ཐོན་པ་ཅིན་ ཐབས་ཤེས་བཏོན་དགོ་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ རྟ་མང་ཤོས་ར་ ཕུན་ཚོགས་གླིང་རྒེད་འོག་ གླིང་ལྡན་གཡུས་ཚན་ལས་དང་ ལ་ལོ་ཅིག་ བསམ་རྩེ་ལས་ འོང་ནུག་ཟེར་ཨིན་པས།

རྒྱལ་ཁབ་ནང་ སྐྱེལ་འདྲེན་གྱི་ མཐུན་རྐྱེན་ཚུ་ ཡར་དྲག་སོང་མི་ལུ་བརྟེན་ རྟ་དེ་ཚུ་ དགོས་མཁོ་མེདཔ་ ཐལ་ཡོདཔ་ལས་ ཇོ་བདག་ཚུ་གིས་ བདག་མེད་སྦེ་ ཁྲོམ་ཁ་ལས་ཕར་ བཏང་བཞག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *