ཕུན་ཚོགས་གླིང་གི་ ཚོད་བསྲེ་བཙོང་ཁང་གསརཔ།

ཕུན་ཚོགས་གླིང་ལུ་ ཚོད་བསྲེ་བཙོང་མི་ལ་ལོ་ཅིག་ སེམས་དང་མ་ལྡན་པར་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ཚོད་བསྲེ་བཙོང་མི་ཚུ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༤ ལས་ ཚོད་བསྲེ་བཙོང་སའི་ སྒྲིང་ཁྱིམ་ཐོག་ཚད་༣ པའི་ནང་ ཚོད་བསྲེ་བཙོང་ནི་ འགོ་བཙུགས་ཡོད་རུང་ གནད་དོན་དག་པ་ཅིག་ལུ་བརྟེན་ སེམས་དང་མ་ལྡན་པར་ ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོང་པ་དང་ རྒྱ་གར་གྱི་ཚོང་པ་ཚུ་ སླ་བསྲེས་ཏེ་ཡོདཔ་ལས་ སོ་སོར་སྦེ་དབྱེ་བ་ཕྱེས་ཏེ་ བཞག་དགོཔ་འདུག་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཤིང་འབྲས་དང་ ཚོད་བསྲེའི་རིགས་ཚུ་བཞག་ས་དང་ རྫས་སྦྱོར་མེད་པའི་ཚོད་བསྲེ་དང་ རྫས་སྦྱོར་ཡོད་པའི་ཚོད་བསྲེའི་རིགས་ཚུ་ དབྱེ་བ་ཕྱེས་ཏེ་བཞག་པ་ཅིན་ ཚོང་འབྲེལ་ལེགས་ཤོམ་འགྱོ་ནི་མས་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ འབྲུག་པའི་ཚོང་པ་དང་ ཕྱིའི་ཚོང་པ་ཚུ་ སོ་སོར་སྦེ་བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་ ཡུ་གུ་མ་ཡ་ག་ལས་ཀྱིས་ སླབ་མིའི་ནང་ འབྲུག་པའི་ཚོང་པ་ཚུ་གིས་ རྒྱ་གར་གྱི་ཚོང་པ་ཚུ་དང་ འགྲན་བསྡུར་ འབད་མི་ཚུགས་པས་ཟེར་ཨིནམ་ད་ རྒྱ་གར་གྱི་ཚོང་པ་ཚུ་གིས་ ཚོང་བསྲེ་འབོར་ཆེ་ཏོག་ཏོ་སྦེ་ གོང་མར་ཕབ་འབད་དེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ འབྲུག་པའི་ཚོང་པ་ཚུ་ལུ་ རྒུད་ཕོགཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་སའི་ ས་ཁོངས་གསརཔ་དེ་གིས་ ཚོང་པ་ག་ར་ལུ་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཚོད་བསྲེ་བཞག་ས་སྦོམ་ཡོད་པའི་ཁར་ སྡོད་ས་ཡང་ གོ་རིམ་ལེགས་ཤོམ་སྦེ་ བསྒྲིགས་ཏེ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
འབྲུག་མིའི་ལག་ཁྱེར་ཐོག་ལུ་ ཚོང་འབྲེལ་འཐབ་སྟེ་ ལོ་ངོ་༣༥ ལང་མི་ རྒྱ་ཁར་གྱི་ཚོང་པ་ པར་ཌི་དཱསི་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་སའི་ ས་ཁོངས་གསརཔ་དེ་ལུ་ དཀའ་ངལ་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ བསིལ་དང་ལྡན་པའི་ཁར་ ཉེན་སྲུང་ཡང་ འདུག་ཟེར་ཨིན་པས།
ཚོང་པ་བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ ཉེན་སྲུང་ཐད་ཁར་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིནམ་ད་ ཚོང་པ་ཚུ་ གོ་རིམ་ལེགས་ཤོམ་སྦེ་ བསྒྲིག་ཐབས་ལུ་ ཚོད་བསྲེ་བཙོང་སའི་ས་གོ་ཡང་ ལོག་བགོ་བཀྲམ་འབད་དགོཔ་འདུག་ཟེར་ ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ཁ་རྗེ་གདམ་འཐུ་འབད་མི་དེ་གིས་ རང་གི་ཁ་རྗེ་ལུ་བརྟེན་ཏེ་ ཐོག་དང་པ་ནང་ ཐོབ་ཡོདཔ་ད་ ཚོང་པ་ལ་ལོ་ཅིག་ གཅིག་ཁར་བཞག་མི་དེ་གིས་ འདྲ་མཉམ་མིན་འདུག་ཟེར་ཨིནམ་ད་ ཁ་རྗེ་གདམ་འཐུ་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་ཡོད་ཟེར་ ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ རྒྱ་མཚོ་འབྲུག་པ་གིས་ སླབ་མིའི་ནང་ ཁ་རྗེ་གདམ་འཐུ་དེ་ ཚོང་པ་དང་ ཚོགས་ཆུང་གི་འཐུས་མི་ ག་ར་གི་གདོང་ཁར་ དྭངས་གསལ་ཐོག་ལས་ འབད་ནི་དེ་གིས་ ཚོང་པ་ལ་ལོ་ཅིག་ རང་གི་ཁ་རྗེ་དང་འཁྲིལ་ ཚོད་བསྲེ་བཙོང་ས་ཐོག་༢ པའི་ནང་ ཕོག་མི་ཚུ་གིས་ ཁ་བཏང་དོ་འོང་ཟེར་ཨིནམ་ད་ ཚོང་པ་ཚུ་གིས་ ཡིག་ཐོག་ལུ་ དོགས་གསལ་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཚོད་བསྲེ་བཙོང་ས་ ཐོག་༢ པའི་ནང་ཕོག་མི་ཚུ་ལུ་ ཚོང་སྒྱུར་དེ་ཅིག་ར་ འགྱོ་མ་བཏུབ་དོ་ཡོདཔ་ད་ ཚོད་བསྲེ་བཙོང་ས་ ཐོག་དང་པ་ནང་ ཚོང་བཙོང་ས་སྟོངམ་ཡོད་མི་ཚུ་ ཐོག་གཉིས་པ་ལས་ སྤོ་ཡོདཔ་ཨིན་པས།
ཁྲོམ་དཔོན་ཨུ་ཊར་ཀུ་མར་ རའེ་གིས་ སླབ་མིའི་ནང་ ཚོད་བསྲེ་ཁྲོམ་རྙིངམ་གི་ས་ཁོངས་ནང་ འཁོར་ལམ་བཏོན་དགོཔ་ཐོན་ཡོད་མི་ གནད་དོན་ལུ་བརྟེན་ཏེ་ ཚོད་བསྲེ་ཁྲོམ་གསརཔ་ནང་ སྤོ་ཡི་ཟེར་ཨིནམ་ད་ ད་ལྟོའི་ ཚོང་པ་ཚུ་གི་གོ་རིམ་ བགོ་བཀྲམ་འབད་མི་དེ་ གཏན་འཁེལ་མེནམ་ལས་ ལོག་སྟེ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོད་བསྲེ་ཁྲོམ་གསརཔ་དེ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ ཚོད་བསྲེ་བཙོང་སའི་ ས་གོ་དེ་ཡང་ ལོག་གོ་རིམ་བསྒྲིག་འོང་ཟེར་ཨིན་པས།
ཁ་རྗེ་གདམ་འཐུ་དེ་ ཚོགས་ཆུང་གི་འཐུས་མི་ག་རའི་གདོང་ཁར་ དྭངས་གསལ་གྱི་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ ཉོགས་བཤད་བཀོད་མི་ ག་ཡང་མ་འཐོན་ཟེར་ ཁྲོམ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *