རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ སྒོ་འབྱེད་གནང་པའི་བསྒང་།

ཕུན་ཚོགས་གླིང་ལུ་ དངུལ་བརྗེ་སོར་གྱི་ཞབས་ཏོག་༣ སྒོ་འབྱེད་འབད་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་ལུང་ཕྱོགས་ཡིག་ཚང་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཞབས་ཏོག་གསརཔ་༣ སྒོ་འབྱེད་འབད་ཡོདཔ་ཨིན་པས།

ད་ལས་ཕར་ ཕུན་ཚོགས་གླིང་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ དམིགས་བསལ་དུ་ ཆུ་ཁའི་མི་སེར་ཚུ་གིས་ ཞབས་ཏོག་ཚུ་ སྤྱོད་ཚུགས་ནི་ཨིན་རུང་ དངུལ་འབྲེལ་བརྗེ་སོར་གྱི་ འབྲེལ་སྟེགས་ནང་ལས་ ཏི་རུ་ཚད་ཅིག་ལས་བརྒལ་ བརྗེ་སོར་འབད་ནི་ མི་འཐོབ་ནི་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཏི་རུ་བརྗེ་སོར་འབད་ནི་ཚུ་ཡང་ བྱ་སྟབས་དང་ དངུལ་ཁང་ནང་ ཏི་རུ་ཡོད་མེད་དང་འཁྲིལ་ འགྱོ་འོང་ཟེར་ བཤད་པའི་ཁར་ དངུལ་ཀྲམ་ཧྲལ་ཧྲལཝ་དང་ མེ་གིས་འཚིགས་འཚིགསཔ་ཚུ་ཡང་ བརྗེ་སོར་འབད་ཚུགས་ནི་ཨིན་པས།
དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ བཤད་མིའི་ནང་ ད་རེས་ནངས་པར་ འབྲུག་མི་དང་ ས་མཚམས་ཀྱི་ མི་སེར་ཚུ་གིས་ དངུལ་ཀྲམ་ཧྲལ་ཧྲལཝ་ཚུ་ འབག་སྟེ་ཡོདཔ་ལས་ དབང་འཛིན་གྱི་ འབྲེལ་སྟེགས་ནང་ལས་ བརྗེ་སོར་འབད་ཚུགས་ཟེར་ཨིནམ་མ་ཚད་ དེ་བཟུམ་མའི་ ཏི་རུ་ཚུ་ བསྡུ་ལེན་འབད་ནི་དེ་ དབང་འཛིན་གྱི་ འགན་ཁུར་ཨིནམ་ལས་ དངུལ་ཚབ་དེ་ཡང་ ལམ་ལུགས་དང་འཁྲིལ་ཏེ་ བྱིན་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲེལ་སྟེགས་ཀྱིས་ གསེར་དང་ དངུལ་གྱི་ཏིག་ཅུང་ཚུ་ བཙོང་ནི་ཨིནམ་མ་ཚད་ མི་དབང་འབྲུག་རྒྱལ་༤ པ་ དགུང་ལོ་༦༠ བཞེས་པའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ བཟོ་ཡོད་པའི་ ཏིག་ཅུང་གི་རིགས་ཚུ་ཡང་ བཙོང་འོང་ཟེར་ དྲགོས་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲི་མངའ་གསོལ་དང་ བཙུནམོ་ཁབ་ཏུ་བཞེས་པའི་ རྟེན་འབྲེལ་གྱི་ གསེར་དང་ དངུལ་གྱི་ཏིག་ཅུང་ཚུ་ཡང་ འབྲེལ་སྟེགས་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
སྤྱི་འཛིན་དྲགོས་ དཔལ་འབྱོར་གྱིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ གསར་བཏོན་འབད་མི་ རྗེས་དྲན་བརྩི་སྲུང་གི་ ཏིག་ཅུང་དངུལ་ལོར་ལེ་ཤ་ འཐོབ་ཚུགས་མ་ཚད་ འབྲུག་འགྲེམས་རང་སྐྱོང་དང་ དབང་འཛིན་གྱི་ ཞབས་ཏོག་ལུ་བརྟེན་ རྒྱ་གར་ས་མཚམས་ཀྱི་ ལྟ་བཤལ་པ་ ཏིག་ཅུང་ཉོ་འདོད་ཡོད་མི་ཚུ་ལུ་ གོ་སྐབས་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ་དང་ ར་ཇིསི་རའི།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *