༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ མེ་ག་ཝཊ་༦༦/༣༣ འབད་མི་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་འཕྲུལ་ཨམ་བཀྲམ་སྤེལ་ཁང་ཅིག་ལུ་ མེ་རྐྱེན་བྱུང་བའི་སྐབས་ ཁྲིམས་སྲུང་འགག་པ་དང་ ལས་བྱེདཔ་ གློག་མེ་ལས་འཛིན་གྱི་ལས་བྱེད་ དེ་ལས་ ཁས་བླངས་པ་༡༠༠ ལྷགཔ་ཅིག་གིས་ མེ་གསད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་གསུམ་ལྷགཔ་ཅིག་ འགོར་ཡོད་རུང་ མི་ལུ་གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ཨིན་པས།
མེ་གསད་ནི་ལུ་ དུས་ཚོད་འགོར་མི་དེ་ཡང་ གཙོ་བོ་ར་ གློག་མེ་བཀྲམ་སྤེལ་འཕྲུལ་ཨམ་དེ་ནང་ མེ་བསད་མི་འཕྲུལ་ཆས་ཚུ་ བཙུགས་ཏེ་མེད་མི་ལུ་བརྟེན་ འགོར་ཡོད་པའི་ཁར་ འཕྲུལ་ཨམ་དེ་ནང་འགྱོ་སའི་འཁོར་ལམ་དེ་ཡང་ རྒྱ་ཆུང་ཀུ་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེའི་ མེ་བསད་མི་སྣུམ་འཁོར་ཡང་ མ་ཐལ་ནི་དེ་གིས་ཨིན་པས།
དེ་མ་ཚད་ འཕྲུལ་ཨམ་དེ་ནང་ལས་ཐོན་མི་ སྣུམ་ལས་མེ་འབར་མི་དེ་ ཆུ་གིས་བཀག་ཆ་འབད་མ་ཚུགས་མི་དེ་གིས་ཡང་ མེ་བསད་མ་ཚུགས་པའི་ དཀའ་ངལ་ཐོན་ཡོད་རུང་ མེ་བསད་མི་ལྔ་གིས་རྐྱངམ་ཅིག་ མེ་འབར་མི་དེ་ བསད་ཚུགས་ཡོདཔ་ཨིན་པས།
མེ་བསད་འཕྲུལ་ཆས་ཚུ་ ས་ཁོངས་ནང་ལུ་ལངམ་སྦེ་མེདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཉེ་འདབས་ལུ་ཡོད་མི་ བཟའ་ཁང་ཚུ་ལུ་ མེ་བསད་མི་འཕྲུལ་ཆས་ཚུ་ འབག་འོང་དགོཔ་སྦེ་བརྒྱུད་འཕྲིན་ཡང་ གཏང་དགོཔ་ཐོན་ཡོདཔ་ད་ བཀྲམ་སྤེལ་ཁང་དེ་ནང་ སྣུམ་ལི་ཊར་༦༠༠༠ དང་༧༠༠༠ དེ་ཅིག་ཡོདཔ་ཨིན་པས།
ཉི་མའི་ཆུ་ཚོད་༡༡ དང་སྐར་མ་༢༠ ལུ་འགོ་བཙུགས་མི་མེད་དེ་ ཆུ་ཚོད་༢ ལུ་རྐྱངམ་ཅིག་ བསད་ཚུགས་ཡོད་པའི་ཁར་ ཨེམ་ཝི་ཨེ་༣ འབད་མི་དེ་ མེ་བསད་ཚུགས་ཏེ་འབད་རུང་ བཏོན་མ་ཚུགས་པར་ འཚིགས་ཡོདཔ་ཨིན་པས།
ཨིན་རུང་ གཞན་མི་གློ་མེ་བཀྲམ་སྤེལ་འཕྲུལ་ཨམ་ལུ་ མ་སྤེལ་བའི་ཧེ་མར་ བསད་ཚུགས་ཡོདཔ་ད་ ས་ཁོངས་ནང་སྡོད་མི་ ཕོ་སྐྱེས་ཅིག་གིས་སླབ་མིའི་ནང་ གློག་མེ་འཕྲུལ་ཨམ་དེ་ནང་ དུས་ཅིག་ལོ་ནང་ར་ མེ་ཐེངས་གཉིས་འབར་ཡོདཔ་ལས་ ག་ཅི་སྦེ་ཨིན་ན་ཟེར་ སླབ་ཨིན་པས།
ཕུན་ཚོགས་གླིང་གི་ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དབང་ཕྱུག་ལ་གིས་སླབ་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱིས་ ཧེ་མ་ལས་ མེ་བསད་འཕྲུལ་ཆས་ཚུ་ བཙུགས་ཏེ་ཡོད་པ་ཅིན་ མེ་མགྱོགས་པར་བསད་ཚུགས་ཚུགསཔ་འོང་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ གནས་སྟངས་དང་འཁྲིལ་ ལས་འཛིན་གྱིས་ དེ་བཟུམ་མའི་ས་ཁོངས་ནང་ མེ་བསད་འཕྲུལ་ཆས་ཚུ་ བཙུགས་དགོཔ་ཅིག་ཨིན་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ལས་ མེ་བསད་སྣུམ་འཁོར་གྱི་དོན་ལུ་ ཐོན་འཛུལ་འབད་སའི་ ས་ཁོངས་ཡང་མིན་འདུག་ཟེར་ཨིན་པས།
གློག་མེ་ལས་འཛིན་གྱི་ལས་བྱེདཔ་ཚུ་གིས་སླབ་མིའི་ནང་ འཕྲུལ་ཨམ་གྱི་སྣུམ་ལས་འབར་མི་མེ་ཚུ་ མེ་བསད་མི་ཕོམ་ལག་ལེན་འཐབ་སྟེ་རྐྱངམ་ཅིག་ བསད་ཚུགས་ཅི་ཟེར་ཨིནམ་ད་ ལམ་ལུགས་དང་འཁྲིལ་ འཕྲུལ་ཨམ་དེ་ནང་ ཕོམ་གཉིས་དང་བཞི་གི་བར་ན་ བཞག་ཡོད་རུང་ མེ་དེ་བཟུམ་འབརཝ་ད་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
འཕྲུལ་ཨམ་དེ་ གློ་བུར་དོན་ལུ་ ལག་ལེན་འཐབ་ནི་སྦེ་བཞག་ཡོདཔ་ལས་ མེ་རྐྱེན་འབྱུང་པའི་སྐབས་ ལག་ལེན་ནང་མེདཔ་ལས་ རྣམ་རྟོག་ལང་ཡོདཔ་ ཨེམ་ཝི་ཨེ་༣ འབད་མི་འཕྲུལ་ཨམ་དེ་ སྤྱི་ལོ་༡༩༨༤ ལུ་ གཞི་བཙུགས་འབད་ཡོདཔ་ལས་ རྒྱལ་ཁབ་ནང་འཕྲུལ་ཨམ་རྙིང་ཤོས་ཅིག་ཨིན་རུང་ ཉམས་བཅོས་འབད་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ལུང་ཕྱོགས་མདོ་ཆེན་ ཀརྨ་དབང་ཕྱུག་གིས་སླབ་མིའི་ནང་ མེ་རྐྱེན་དེ་ལས་བརྟེན་ མི་ཚུ་གིས་ གློག་མེ་བཀྲམ་སྤེལ་འབད་མི་ཚུགས་ནི་བཟུམ་མནོ་ཡོད་རུང་ ལས་འཛིན་གྱིས་ཕྱི་རུ་ལས་ བཀྲམ་སྤེལ་འབད་ཚུགས་ཡི་ཟེར་ཨིན་པས།
ཨིན་རུང་ མེ་རྐྱེན་འབྱུང་མི་འཕྲུལ་ཨམ་གྱི་ཉེ་འདབས་ལུ་ཡོད་མི་ འཕྲུལ་ཨམ་དེ་གི་གློག་ཐག་ཚུ་ ཞིབ་དཔྱད་འབད་དགོཔ་ལས་ དེ་གི་ཤུལ་ལས་རྐྱངམ་གཅིག་ གློག་མེ་བྱིན་ཚུགས་ཟེར་བཤད་ཅི།
ལས་འཛིན་གྱི་ འཕྲུལ་རིག་གཙོ་འཛིན་གྱིས་ སླབ་མིའི་ནང་ མེ་རྐྱེན་དེ་ འཕྲུལ་ཨམ་ནང་ན་གི་དཀའ་ངལ་ལུ་བརྟེན་བྱུང་བྱུངམ་འོང་ནི་མས་ཟེར་ཨིན་རུང་ ཞིབ་དཔྱད་ཚུ་འབད་ཚར་བའི་ཤུལ་ལས་རྐྱངམ་གཅིག་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
འཕྲུལ་རིག་སྡེ་ཚན་གྱིས་ ཁ་ཙ་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་པའི་ཁར་ འཕྲུལ་ཆས་གཞན་དེ་ལུ་ཡང་ ཞིབ་དཔྱད་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཀེ་བི་ཏི་ཝ་རི་གིས་ སླབ་མིའི་ནང་ འཕྲུལ་ཨམ་ས་ཁོངས་ནང་ མེ་བསད་འཕྲུལ་ཆས་ལངམ་སྦེ་མེད་པའི་སྐོར་ལས་ སླབ་མི་ལུ་བདེན་པ་ཡོད་རུང་ ལས་འཛིན་གྱི་གནས་ཚད་དང་འཁྲིལ་ཏེ་ དེ་ཅིག་བཞག་བཞགཔ་ཨིན་ཟེར་ཨིན་པས།
ལུང་ཕྱོགས་མདོ་ཆེན་གྱིས་ སླབ་མིའི་ནང་ ལས་འཛིན་གྱིས་ མེ་རྐྱེན་ཉེན་སྲུང་སྐོར་ལས་ ལཱ་འབད་ནི་འགོ་བཙུགས་ཡོད་པའི་ཁར་ འཛིན་སྐྱོང་གི་སྡེ་ཚན་ཅིག་ཡང་ བལྟ་བར་འོང་སྟེ་ཡོད་ཟེར་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ མེ་གིས་འཚིགས་མི་ འཕྲུལ་ཨམ་དེ་ ཨེམ་ཝི་ཨེ་༡༠ འབད་མི་གིས་ ཚབ་བཙུགས་ནི་ཟེར་ཨིནམ་ལས་ དེ་གི་དོན་ལུ་ འཆར་དངུལ་ཚུ་ཡང་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་ཁར་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ གློག་ཤུགས་ཚན་ ཨེམ་ཝི་ཨེ་༦ ཡན་ཆད་དགོཔ་ཨིན་པའི་གནས་ཚུལ།

གློག་མེ་འཕྲུལ་ཨམ་མེ་འབར་མི་དེ་ བསད་ནི་གི་དཔའ་བཅམ་པའི་བསྒང་།