ཕུན་ཚོགས་གླིང་ལུ་ ཀེ་བ་རིན་བསྡུར་འབད་མ་ཚུགས་མི་ལུ་བརྟེན་ སྒུག་སྡོད་དགོཔ་བྱུང་མི་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ཚུ།

ཕུན་ཚོགས་གླིང་ལུ་ ཀེ་བ་བཙོང་མི་དང་ ཊཱག་གི་དེད་གཡོགཔ་ཚུ་ ཚོགས་རྒྱན་བཙུགས་མི་ཚུགས་ནི་ཨིན་པའི་ ཚ་གྱང།

ཕུན་ཚོགས་གླིང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཀེ་བའི་རིན་བསྡུར་ཁང་ནང་ ཀེ་བ་བཙོང་མི་དང་ ཀེ་བའི་དོ་འབག་མི་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ཚུ་ ཉིནམ་༤ དེ་ཅིག་བསྒུགས་སྡོད་རུང་ རིན་བསྡུར་འབད་མ་ཚུགསཔ་མ་ཚད་ སྣུམ་འཁོར་ནང་ལས་ དོ་བཏོན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

དེ་མ་ཚད་ སོ་ནམ་པ་ལ་ལོ་ཅིག་ ཀེ་བ་བཙོང་ཚར་རུང་ རིན་དངུལ་མ་ཐོབ་པར་ སྒུག་སྟེ་ཡོདཔ་ལས་ བཙག་འཐུའི་ཉིནམ་ལུ་ ག་དེ་སྦེ་ལྷོད་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྡོད་སར་ མཐོངམ་ཨིན་པས།

དུས་ཅི་ ཀེ་བའི་གོང་ཚད་ ན་ཧིང་དང་ཕྱདཔ་ད་ མཐོ་སུ་ཡོད་པའི་ཁར་ ས་གནས་ལ་ལོ་ཅིག་ནང་ ཀེ་བ་བརྐཽ་ནིའི་ དུས་ཚོད་ཨིནམ་ལས་ ཀེ་བ་འབག་འོང་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དབང་འདུས་ཕོབ་སྦྱིས་ཁ་དང་ མཁོ་ཐང་ཁ་ལུ་ ཀེ་བ་བརྐོ་ནིའི་དུས་ཚོད་ཨིནམ་ལས ཕུན་ཚོགས་གླིང་རིན་བསྡུར་ཁང་ནང་ ས་གནས་དེ་ཚུ་གི་ནང་ལས་ ཀེ་བ་འབག་འོང་མི་ ལེ་ཤ་འདུག་ཟེར་ཨིན་པས།

མཁོ་ཐང་ཁ་ལས་ སྨིན་དྲུག་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གིས་ གོང་ཚད་ལེགས་ཤོམ་ཐོབ་རུང་ རིན་བསྡུར་འབད་ནིའི་ དོན་ལུ་ ཉིནམ་༣ བསྒུག་སྡོད་དགོཔ་ལས་ ཚོགས་རྒྱན་བཙུགས་པར་ ག་དེ་སྦེ་ ལྷོད་ཚུགས་གའི་ ཚ་གྱང་ལང་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཡུས་ཁ་ལུ་ དངུལ་ཐོག་ཟེར་རུང་ ཀེ་བ་ཨིནམ་ལས་ རིན་གོང་ལེགས་ཤོམ་ཐོབ་པའི་སྐབས་ བཙོང་པར་འབག་འོང་ཡོདཔ་བཞིན་དུ་ རིན་གོང་ཡང་ མནོ་དོ་བཟུམ་སྦེ་ར་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ ད་རིས་དང་ནངས་པར་ རིན་དངུལ་འཐོབ་ཚུགས་པ་ཅིན་ དེ་འཕྲོ་ལས་ གཡུས་ཁ་ལུ་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ ཕོབ་སྦྱིས་ཁ་ལས་ ཉིམ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ལྷོད་དེ་ ཉིནམ་༣ ལང་ཡོད་རུང་ རིན་བསྡུར་འབད་མ་ཚུགས་པའི་ཁར་ ཟ་ཁང་ནང་སྡོད་དོ་ཡོདཔ་ལས་ ཟད་འགྲོ་ཐེབས་གནས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

ཁོང་ག་ར་གིས་ བཙག་འཐུ་དེ་ གལ་ཆེ་བའི་སྐོར་ལས་ བཤད་དོ་ཡོདཔ་ད་ ཁོང་རའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གོ་སྐབས་འཕྲོ་བརླག་མ་གཏང་པར་ སྤྱོད་ནིའི་རེ་བ་ཡོད་ཟེར་ཨིན་པས།

རིན་བསྡུར་ཁང་གི་ འཛིན་སྐྱོང་འགོ་དཔོན་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ རིན་བསྡུར་མགྱོགས་པར་མཇུག་བསྡུ་ནིའི་དོན་ལུ་ ཧེ་མ་ ཉིནམ་རེ་ལུ་ ཀེ་བ་ཕད་ཙི་༤,༠༠༠ རིན་བསྡུར་འབད་ས་ལས་༥,༠༠༠ ལས་༥,༥༠༠ ཚུན་ ཡར་སེང་འབད་དེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ དངུལ་སྤྲོད་ནི་དེ་ ད་རིས་དང་ནངས་པར་ ག་དེ་དྲག་དྲག་ སྤྲོད་ནིའི་འཆར་གཞི་ཡོདཔ་མ་ཚད་ སྔོན་བྱིན་གྱི་ མཁོ་འདོད་བཀོད་མི་ཡོད་རུང་ བྱིན་ནི་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༩ ལས་༡༡ ཚུན་ སྣུམ་འཁོར་ཊཱག་༦༢ རིན་བསྡུར་འབད་མ་ཚར་བར་ སྒུག་སྟེ་ཡོདཔ་ད་ ད་རུང་ ཀེ་བ་འབག་མི་ སྣུམ་འཁོར་ཊཱག་གི་གྱངས་ཁ་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།

ཨིན་རུང་ ད་རེས་ནངས་པར་ འབག་འོང་མི་ཀེ་བ་ཚུ་ རིན་བསྡུར་འབད་ནི་དང་ ཏི་རུ་ལེན་ནིའི་དོན་ལུ་ སྤྱི་ཚེས་༡༨ ཚུན་བསྒུག་ནི་ཨིནམ་ད་ དེ་ཡང་ སྤྱི་ཚེས་༡༥ ལས་༡༧ ཚུན་ རིན་བསྡུར་ཁང་ སྒོ་བསྡམས་བཞག་ནི་ཨིན་པས།

འཛིན་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ ལས་འཛིན་གྱི་ཁ་ཐུག་ལས་ སྤྱི་ཟླ་༩ པའི་ཚེས་༡༥ ལས་༡༧ ཚུན་ རིན་བསྡུར་ཁང་སྒོ་བསྡམས་བཞག་ནི་ཨིནམ་ལས་ ཀེ་བ་འབག་མ་འོང་ཟེར་ ཁྱབ་བསྒྲགས་འབད་ཡོད་རུང་ འཕྲོ་མཐུད་དེ་ར་ འབག་འོང་དོ་ཡོདཔ་ལས་ ས་གོ་མ་ལང་པའི་དཀའ་ངལ་དང་ ཁོང་ར་ བསྒུག་སྡོད་དགོ་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

ཨིན་རུང་ ད་རིས་དང་ནངས་པ་ ཊཱག་ཚུ་ནང་ ཀེ་བའི་དོ་བསགས་ལུས་མི་ཚུ་ གང་མང་རིན་བསྡུར་འབད་ཞིནམ་ལས་ གཡུས་ཁར་ ཚོགས་རྒྱན་ཉིནམ་ལུ་ ལྷོད་ཚུགས་པའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།

མོང་སྒར་དང་ བཀྲིས་སྒང་གི་ སྣུམ་འཁོར་ཊཱག་དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ ད་རིས་ ཀེ་བའི་དོ་ཚུ་ བཏོན་མ་ཚུགས་པ་ཅིན་ གཡུས་ཁར་སོང་སྟེ་ ཚོགས་རྒྱན་བཙུགས་མི་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཕུན་ཚོགས་གླིང་ལས་ ཉིམ་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *