ཀུན་བཟང་ནོར་བུ་རའི་གིས་ འཆམ་རྐྱབ་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

ཕུན་ཚོགས་གླིང་ཚེས་བཅུའི་སྐབས་ སློབ་ཕྲུག་ཚུ་གིས་ འཆམ་རྐྱབ་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་དཔལ་ལྡན་བཀྲ་ཤིས་ཆོས་གླིང་ གཙུག་ལག་ཁང་གི་ ཚེས་བཅུ་ཐེངས་༥ པ་མཇལ་བར་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ད་ འདས་པའི་ཚེས་བཅུའི་ལས་རིམ་བཟུམ་སྦེ་མིན་པར་ ཚེས་བཅུ་ནང་ ཕུན་ཚོགས་གླིང་ཁྲོམ་སྡེ་འོག་ལུ་ཡོད་པའི་ སློབ་གྲྭ་༦ གི་ སློབ་ཕྲུག་ཚུ་དང་ གཙུག་ལག་ཁང་གི་ དགེ་སློང་ཚུ་གིས་ རང་ལུགས་ཀྱི་ འཆམ་རྐྱབ་མི་དེ་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་ཨིན་པས།
འཆམ་རྐྱབ་མི་ སློབ་ཕྲུག་ཚུ་གི་གྲས་ལས་ སྐྱེས་ལོ་༡༤ ལང་མི་ ཀུན་བཟང་ནོར་བུ་ཨིནམ་མ་ཚད་ གཞན་མི་ཚུ་ཡང་ སྐྱེས་ལོ་༢༠ འོག་རྒྱུ་འབད་མི་ཨིན་པའི་ཁར་ ཁོ་དང་ ཆ་རོགས་སྡེ་ཚན་གྱིས་ ཁོང་རའི་སྐོར་རྒྱབ་ལུ་ལྷོདཔ་ད་ གྲ་སྒྲིག་འབད་ཐོག་ལས་ མི་མང་ལུ་ མཇལ་ཁ་ཕུལ་མི་གིས་ མི་སེར་ཚུ་ཡང་ ན་གཞོན་གྱི་ འཆམ་ལུ་བལྟ་སྟེ་ ངལ་རངས་བྱུང་ཡོདཔ་ཨིན་པས།
ཀུན་བཟང་ནོར་བུ་གིས་ མི་མང་གི་གདོང་ཁར་ འཆམ་རྐྱབ་ནི་དེ་ འགོ་དང་པ་ཨིན་རུང་ ཁོ་རའི་ སྡེ་ཚན་གྱིས་ དགྲ་མེད་རྩེ་རྔ་འཆམ་རྐྱབ་ནི་ལུ་ གྲ་སྒྲིག་ཡོད་ཟེར་བཤད་ཅི།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ སློབ་གྲྭ་ནང་ དྲོ་པ་དང་ ཕྱི་རུ་ཨ་རྟག་ར་ འཆམ་སྦྱང་བ་འབད་དེ་ གྲ་སྒྲིག་འབད་ཡི་ཟེར་ཨིན་པས།
ཁ་ཙ་ སློབ་གྲྭ་༦ གི་ སློབ་ཕྲུག་༡༥ ལྷགཔ་ཅིག་གིས་ ཚེས་བཅུ་ནང་འཆམ་རྐྱབ་ཡོདཔ་ད་ སློབ་ཕྲུག་ཚུ་གིས་ ཟླཝ་ལས་བཅད་དེ་ སྦྱང་བ་འབད་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ ཟླཝ་༧ དེ་ཅིག་ སྦྱང་བ་འབད་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ལུ་ འཆམ་གྱི་མཁས་མཆོག་ཚུ་གིས་ སྦྱང་བ་བྱིན་ཡོདཔ་ཨིན་པས།
སྐྱེས་ལོ་༡༥ ལང་མི་ སློབ་རིམ་༩ པའི་སློབ་ཕྲུག་ ངག་དབང་རྣམ་རྒྱལ་ལུ་འབད་བ་ཅིན་ འཆམ་རྐྱབ་ནི་དེ་ འགོ་དང་པ་མེན་མི་དེ་ཡང་ ཁོ་གིས་ ཧེ་མ་ ངང་ལམ་ལུ་ འཆམ་རྐྱབ་ཡོདཔ་ད་ ཁ་ཙ་ ཁོ་གིས་ རྔ་གིང་འཆམ་ནང་ འཆམ་དཔོན་སྦེ་ སྣ་ཁྲིད་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྦྱང་བ་ལེགས་ཤོམ་འབད་མི་ལུ་བརྟེན་ ཁོང་ལུ་དཀའ་ངལ་མ་བྱུང་པའི་ཁར་ ད་ལས་ཕར་འབད་རུང་ འཕྲོ་མཐུད་དེ་ར་ འཆམ་རྐྱབ་ནི་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ ཉིནམ་གཅིག་འབད་མི་ ལོ་བསྟར་ཚེས་བཅུ་མཇལ་བའི་བསྒང་།

རྔ་གིང་འཆམ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༡༤ ལང་མི་ སློབ་རིམ་༩ པའི་སློབ་ཕྲུག་ ཀུན་ལེགས་དབང་འདུས་ཀྱིས་ ཁོ་གིས་ འཆམ་ག་དེ་སྦེ་ རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་རུང་ མ་འཛོལ་བར་ མཐར་འཁྱོལ་ཅན་སྦེ་རྐྱ བ་ཚུགས་ནི་དེ་གིས་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁྲོམ་སྡེ་གིས་ འཆམ་ཆས་ཚུ་ ཆུ་ཁ་ལས་ ལེན་དོ་ཡོདཔ་ལས་ ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ དབང་ཕྱུག་མཐའ་ཡས་ཀྱིས་ སླབ་མིའི་ནང་ ད་ལས་ཕར་ ཁྲོམ་སྡེ་གིས་ རང་གི་ སྔར་སྲོལ་ལམ་ལུགས་གོང་འཕེལ་གཏང་ནིའི་དོན་ལུ་ གཙོ་བོར་བཏོན་ནི་ཨིནམ་ད་ ད་ལས་ཕར་ སློབ་ཕྲུག་ཚུ་གིས་ ཚེས་བཅུའི་དུས་སྟོན་ནང་ གྲལ་གཏོགས་འབད་བཅུག་ནི་ཟེར་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་དཔོན་ ཨུ་ཏར་ཀུ་མར་རའི་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ཚེས་བཅུ་མཇལ་བར་འོང་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ ཚེས་བཅུ་དེ་ མི་མང་གི་དོན་ལུ་ཨིནམ་ལས་ མཇལ་བར་འོང་དགོཔ་ཁག་ཆེ་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ བཤད་མིའི་ནང་ ཕུན་ཚོགས་གླིང་ལུ་ རྫོང་ཁག་ཆ་མཉམ་གྱི་ མི་སེར་ཚུ་ འཛོམས་ཡོདཔ་བཞིན་དུ་ རང་གི་གཡུས་སྒོའི་ཚེས་བཅུ་མཇལ་བར་ ལྷོད་མ་ཚུགས་མི་ཚུ་ལུ་ གོ་སྐབས་ཨིན་མས་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ཚེས་བཅུ་མཇལ་བར་འོང་མིའི་གྱངས་ཁ་ ཡར་སེང་འགྱོཝ་དང་འབྲེལ་ ཟད་འགྲོ་ཡང་ ཐེབས་གནས་ནི་ཨིན་རུང་ ཁྲོམ་སྡེ་གིས་ ཡུན་བརྟན་བཞག་ཐབས་ལུ་ ཐབས་ལམ་སྣ་ཚོགས་བཏོན་དོ་ཟེར་ཨིན་པས།
ཚེས་བཅུ་མཇལ་བར་འོང་མི་ གཞལམ་སྒང་ལས་ སྐྱེས་ལོ་༣༡ ལང་མི་ སངས་རྒྱས་དབང་འདུས་ཀྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་སྡོད་དེ་ ལོ་༡༠ གྱི་ ནང་འཁོད་ལུ་ ཚེས་བཅུ་འགོ་དང་པ་མཇལ་ཡི་ཟེར་ཨིནམ་ད་ ཚེས་བཅུ་དེ་ ཁོ་རའི་རེ་བ་ལས་ལྷག་སྟེ་ བསམ་པ་རྫོགས་ཏོག་ཏོ་འདུག་ཟེར་ཨིན་པས།
ཉིནམ་༡ གི་ཕུན་ཚོགས་གླིང་ཚེས་བཅུ་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *