༉ ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཕུན་ཚོགས་གླིང་ལུ་ ཕྱི་མི་ནང་སྐྱོད་ཡིག་ཚང་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་བརྗེ་སོར་འབད་སའི་ འབྲེལ་སྟེགས་ཅིག་ འགོ་འབྱེད་འབད་ནུག།
ད་ལས་ཕར་ རྒྱ་གར་ལས་འོང་མི་ མགྱོནམ་དང་ལྟ་བཤལཔ་ ཆ་མཉམ་གྱིས་ བརྗེ་སོར་མཐུན་རྐྱེན་ཁང་ལས་ རུ་པི་ཚུ་ དངུལ་ཀྲམ་ནང་ བརྗེ་སོར་འབད་ཚུགས་ནི་ཨིནམ་ད་ འབྲེལ་སྟེགས་དེ་གིས་ རུ་པི་ལྔ་བརྒྱ་ལོར་ཚུན་ ངོས་ལེན་འབད་ནི་ཨིན་པས།
ཕུན་ཚོགས་གླིང་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་ རྡོ་ཕུག་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལཔ་གིས་ ནང་སྐྱོད་ཡིག་ཚང་ལས་ ཆོག་ཐམ་ཐོབ་པའི་ཤུལ་ལུ་ ཏི་རུ་བརྗེ་སོར་འབད་ཚུགས་ཟེར་ཨིན་པས།
ཏི་རུ་སྤྲོད་ལེན་འབད་སའི་ འབྲེལ་སྟེགས་༢ ཡོད་མི་དེ་ འགོ་དཔོན་ཚུ་གིས་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ བརྗེ་སོར་ཁང་ སྒོ་ཕྱེ་དགོ་པའི་ གནད་དོན་གཙོ་བོ་ར་ ལྟ་བཤལཔ་ཚུ་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ཐབས་ལུ་དམིགས་ཏེ་ཨིན་ཟེར་ རྡོ་ཕུག་རྡོ་རྗེ་གིས་ བཤདཔ་ཨིན་པས།
བརྗེ་སོར་ཁང་ཚུ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ འགོ་དབྱེད་འབད་ཡོདཔ་བཞིན་དུ་ འབྲེལ་སྟེགས་ཚུ་ སྒོ་ཕྱེ་བའི་ཤུལ་ལས་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་གི་ མཐུན་རྐྱེན་དེ་ ལག་ལེན་འཐབ་ཡོད་པའི་གནས་ཚུལ།