ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ སྐྱེལ་འདྲེན་དབང་འཛིན་ལས་ རྒྱལ་ཁམས་ཀྱི་ ས་ཆ་རྩིས་ལེན་དགོཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ ད་ལྟོ་ རབ་བརྟན་སྣུམ་འཁོར་བཅོས་ཁང་སྦེ་ ལག་ལེན་འཐབ་མི་ ས་ཆ་དེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ལས་ རྩིས་ལེན་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ ལས་འབྲེལ་རྩིས་ཞིབ་དང་འཁྲིལཝ་ད་ ས་ཆ་དེ་ དབང་འཛིན་གྱིས་ འཛིན་སྐྱོང་དང་ བདག་སྐྱོང་འབད་དེ་འདུག་ཟེར་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ ཡིག་ཆ་ཚུ་ བསྐྱར་ཞིབ་འབདཝ་ད་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ས་ཆ་མི་ཊར་གྲུ་བཞི་༩༩,༧༩༤ འབད་མི་དེ་ སྤྱི་ལོ་༡༩༩༡ ལུ་ རབ་བརྟན་སྣུམ་འཁོར་བཅོས་ཁང་ལུ་ གླ་ཁར་སྤྲོད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ དབང་འཛིན་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་ཐོག་ལས་ སྤྱི་ལོ་༢༠༡༢ ལས་༢༠༢༠ ཚུན་ དུས་ཚོད་ཕར་འགྱངས་འབད་ཡོདཔ་ཨིན་པས།
ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལཝ་ད་ ཁྲོམ་སྡེ་ནང་འཁོད་ལུ་ཡོད་པའི་ གཞུང་ས་ག་ར་ ཁྲོམ་སྡེ་ཚོགས་འདུ་གིས་ འཛིན་སྐྱོང་དང་ བདག་སྐྱོང་འབད་དགོཔ་བཞིན་དུ་ ས་ཆ་དེ་ ཁྲོམ་སྡེ་ནང་འཁོད་ལུ་ ཚུད་དེ་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་འབད་བ་ཅིན་ གནད་དོན་དེ་ སེལ་ཐོག་ལས་ སྐྱེལ་འདྲེན་དབང་འཛིན་ལས་ ས་ཆ་ལེན་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ རྩིས་ཞིབ་དེ་ཡང་ ཁྲོམ་སྡེ་༤ ནང་ འབབ་ཁུངས་ཀྱི་ ཁྲལ་ལེགས་ཤོམ་སྦེ་ བསྡུ་ལེན་དང་ འཛིན་སྐྱོང་འཐབ་མ་འཐབ་ བལྟ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འབྲུག་གི་སའི་བཅའ་ཁྲིམས་༢༠༠༧ ཅན་མའི་དོན་ཚན་༡༨༦ དང་འཁྲིལཝ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཆ་འཇོག་ཐོག་ལུ་ ས་གནས་དབང་འཛིན་གྱིས་ བཅའ་ཡིག་བརྩམས་ཐོག་ གཞུང་ས་གླར་སྤྱོད་སྤྲོད་ནི་དང་ དེ་བསྟུན་གྱི་ གནང་བ་འགྲོལ་དགོཔ་་ཨིན་པས།
ས་ཆ་དེ་ ཁྲོམ་སྡེ་ནང་འཁོད་ལུ་ཡོད་མི་ལུ་བརྟེན་ འཛིན་སྐྱོང་དང་ བདག་སྐྱོང་འབད་ནི་དེ་ ཁྲོམ་སྡེའི་འགན་ཁུར་ཨིནམ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ སྐྱེལ་འདྲེན་དབང་འཛིན་ལུ་ ས་ཆ་དེ་ རྩིས་སྤྲོད་འབད་དགོ་པའི་ ཡི་གུ་མང་རབས་ཅིག་ བཏང་པའི་སྐབས་ དབང་འཛིན་གྱིས་ ས་ཆ་དེ་ རྒྱ་གར་དང་ བང་ལ་དེཤ་ལུང་ཕྱོགས་བར་ནའི་ སྣུམ་འཁོར་བཱསི་ བཞག་ས་བཟོ་ནི་ལུ་ དགོ་པས་ཟེར་ སླབ་ཡོདཔ་ཨིན་པས།
ཨིན་རུང་ རྩིས་ཞིབ་དབང་འཛིན་གྱིས་ ས་གོ་ནང་ སྣུམ་འཁོར་ཞབས་ཏོག་ བཟོ་སྐྲུན་འབད་ནི་ལུ་ འོས་འབབ་མེདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ སྐྱེལ་འདྲེན་དབང་འཛིན་ལུ་ ས་ཆ་ལག་ལེན་གྱི་ ཐོབ་དབང་མ་བྱིན་པར་ ཡོདཔ་མ་ཚད་ དབང་འཛིན་དང་ རབ་བརྟན་སྣུམ་འཁོར་བཅོས་ཁང་གི་བར་ན་ གོ་བརྡ་ཆིངས་ཡིག་ བཀོད་ཡོད་མི་དེ་ཡང་ ཆ་མེད་བཏང་ཐོག་ལས་ ས་ཆ་དེ་ ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་དགོཔ་སྦེ་ཨིན་པས།
རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ས་ཆ་གླ་ཁར་བཏང་མི་ལུ་བརྟེན་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ གྱོང་རྒུད་ཕོག་ནུག་ཟེར་ཨིནམ་ད་ དབང་ཚད་མེད་མི་གིས་ ས་ཆ་གླ་ཁར་བྱིན་ཏེ་ འོང་འབབ་དངུལ་ཀྲམ་ས་ཡ་༡༤.༧༠༧ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་བཞིན་དུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ སྐྱེལ་འདྲེན་དབང་འཛིན་ལུ་ གྱོང་རྒུད་ཕོག་མི་ མ་དངུལ་ཚུ་ གཞུང་གི་ནགས་ཚལ་གསོག་འཇོག་དང་ གཞུང་ས་༢༠༠༧ ཅན་མའི་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ཏེ་ ལེན་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ཁྲོམ་སྡེ་ནང་ འོང་འབབ་གཙོ་ཅན་དེ་ ས་ཆ་གླ་ཁར་བཏང་མི་དེ་ཨིནམ་ད་ གལ་སྲིད་ ཁྲོམ་སྡེའི་ས་གོ་ཚུ་ནང་ གོང་འཕེལ་གྱི་ལས་སྣ་ཚུ་གི་དོན་ལུ་ ལས་སྡེ་ཚུ་གིས་ ས་ཆ་གླར་སྤྱོད་འབད་བཅུག་པ་ཅིན་ ཡུན་བརྟན་སྦེ་ སྡོད་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ སྙན་ཞུ་ནང་བཀོད་ནུག།
སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༣ ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ཞལ་འཛོམས་སྐབས་ རབ་བརྟན་སྣུམ་འཁོར་བཅོས་ཁང་གིས་ ལག་ལེན་འཐབ་ཡོད་པའི་ ས་ཆ་དེ་ སྐྱེལ་འདྲེན་དབང་འཛིན་གྱིས་ ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་དགོ་པའི་ གྲོས་ཐག་བཅད་རུང་ ད་ལྟོའི་བར་ན་ཡང་ རྩིས་སྤྲོད་འབད་མ་བཏུབ་པས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *