རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ས་ཁོངས་ཁ་ཐུག་ལས་ ཨ་ལི་པུར་དུ་ཝར་ལས་ རྫོང་ཁག་བདག་སྐྱོང་སྤྱི་ཁྱབ་ དེ་བི་ པར་སཱཌ་ ཀར་ནམ་གྱིས་ སྒོ་ར་སྒོ་འབྱེད་འབད་བའི་བསྒང་།

ཕུན་ཚོགས་གླིང་ཁྲོམ་གྱི་དོན་ལུ་ སྒོ་ར་༢ པ་ སྒོ་འབྱེད་འབད་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལྟེ་བ་ སྦོམ་ཤོས་ཅིག་ཨིན་མི་ ཕུན་ཚོགས་གླིང་ལུ་ ས་མཚམས་སྒོ་ར་༢ པ་རྐྱབ་མི་དེ་ ཁ་ཙ་ སྒོ་འབྱེད་འབད་ཡོདཔ་ད་ སྒོ་ར་དེ་ ས་མཚམས་ཁྲོམ་སྡེའི་ས་གནས་ བའུ་བཱ་ཛར་ལུ་རྐྱབ་ནུག།

སྒོ་ར་དེ་ཡང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ ས་ཁོངས་ནང་ རྩི་ས་གིས་སྦེ་ རྐྱབ་ཡོདཔ་ད་ འབྲུག་པའི་ས་ཁོངས་ནང་འབད་བ་ཅིན་ འབྲུག་གི་ཁྲིམས་སྲུང་འགག་སྡེ་དང་ ནགས་ཚལ་ ཕྱི་མི་ནང་སྐྱོད་ དེ་ལས་ འབྲུག་སོ་ནམ་བཟའ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཡིག་ཚང་ཚུ་ཡོད་སའི་ ཉེ་འདབས་ལུ་ ལྕགས་ཀྱི་སྒོ་ར་ རྐྱབ་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་ བཀའ་ཁྲིམས་ལས་ཁུངས་ཀྱི་ མདོ་ཆེན་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་ དྲུང་ཁག་བདག་སྐྱོང་གི་ ངོ་ཚབ་ཚུ་གིས་ རྒྱ་གར་ཨ་ལི་པུར་དུ་ཝར་རྫོང་ཁག་གི་ འགོ་དཔོན་ཚུ་དང་ མཉམ་འབྲེལ་ཐོག་ སྒོ་འབྱེད་འབད་ཡོདཔ་ད་ ཨ་ལི་པུར་དུ་ཝར་ལས་ རྫོང་ཁག་བདག་སྐྱོང་སྤྱི་ཁྱབ་ དེ་བི་ པར་སཱཌ་ ཀར་ནམ་དང་ ཁྲིམས་སྲུང་འགག་པའི་སྡེ་འཛིན་ དེ་ལས་ འགོ་དཔོན་གཞན་ཚུ་ སྒོ་འབྱེད་རྟེན་འབྲེལ་ནང་ འོང་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་དང་ རྒྱ་གར་གྱི་ཧོངས་ལས་ མི་བརྒྱ་ལས་བཅད་མི་ཚུ་ སྒོ་ར་སྒོ་འབྱེད་འབདཝ་ད་ བལྟ་བར་འོང་ཡོདཔ་ད་ ཁྲོམ་སྡེ་དེ་ནང་ འགེགས་སྲུང་སྒོ་ར་༢ ཡོད་མི་དེ་གིས་ སྣུམ་འཁོར་ཆུང་བ་དང་ འཁོར་ལོ་གཉིས་འབད་མི་ སྣུམ་འཁོར་གྱི་རིགས་ཚུ་ འབྲུག་པའི་ས་ཁོངས་ནང་ འཛུལ་བའི་སྐབས་ སྒོ་ར་གསརཔ་དེ་ ལག་ལེན་འཐབ་དགོཔ་ཨིནམ་ལས་ སྒོ་ར་རྙིངམ་དེ་ ལག་ལེན་འཐབ་མི་ཆོག་ནི་ཨིན་པས།
དེ་ཡང་ ཇའི་སྒང་ལུ་ འགྱོ་མི་ཨིན་པ་ཅིན་ སྒོ་ར་༢ པ་དེ་ ལག་ལེན་འཐབ་མི་ཆོག་ནི་ཨིནམ་ད་ སྣུམ་འཁོར་ཆུང་བ་དང་ འཁོར་ལོ་༢ འབད་མི་ སྣུམ་འཁོར་གྱི་རིགས་ཚུ་ ཇའི་སྒང་ལུ་ འགྱོ་བའི་སྐབས་ སྒོ་ར་༡ པ་ལས་ འགྱོ་དགོཔ་ཨིན་པས།
དེ་མ་ཚད་ མི་ཚུ་གིས་ སྒོ་ར་གསརཔ་དེ་ནང་ལས་ འགྱོ་མི་ཆོག་ནི་ཨིནམ་ད་ སྣུམ་འཁོར་བར་མ་དང་ ཆེ་བ་ཚུ་ ཕུན་ཚོགས་གླིང་ཁྲོམ་ནང་ འཛུལ་ནིའི་དོན་ལུ་ འགེགས་སྲུང་སྒོ་ར་རྙིངམ་དེ་ ལག་ལེན་འཐབ་དགོཔ་བཞིན་དུ་ ཚོང་འབྲེལ་གྱི་ དོ་འབག་མི་ སྣུམ་འཁོར་ཊཱག་ཚུ་ ཐད་ཀར་དུ་ ཅ་དམ་དང་ ཉོགས་སེལ་ཡིག་ཚང་ཚུ་ནང་ བདའ་འགྱོ་ཆོག་ནི་ཨིན་པས།
སྒོ་འབྱེད་སྐབས་ བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ སྒོ་ར་དེ་ འབྲུག་དང་ ཇའི་སྒང་ལུ་ སྡོད་མི་ཚུ་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་པའི་ཁར་ སྒོ་ར་དེ་ལུ་བརྟེན་ འབྲུག་དང་ རྒྱ་གར་གྱི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ནི་ཨིནམ་མ་ཚད་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ལུ་ ལྷན་ཐབས་སྦོམ་འབད་འོང་ཟེར་ བཤད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སྒོ་ར་༢ པའི་དོན་ལུ་ ལམ་ལུགས་བཟོ་ཡོད་མི་དེ་ གནས་སྐབས་ཀྱི་དོན་ལུ་ཨིནམ་ལས་ སྒོ་རའི་ཉེ་འདབས་ལུ་ དོ་སྐྱེལ་འདྲེན་འབད་སའི་ ལས་འགུལ་འགོ་བཙུགས་ནི་ཨིན་མི་དེ་ མཇུག་བསྡུ་བའི་ཤུལ་ལས་ ཚོང་འབྲེལ་གྱི་ སྣུམ་འཁོར་ཚུ་ག་ར་ སྒོ་ར་གསརཔ་དེ་ནང་ལས་ འགྱོ་བཅུག་འོང་ཟེར་ བཤདཔ་ཨིན་པས།
དེ་བསྒང་ལས་ སྣུམ་འཁོར་ཆུང་བ་ཚུ་ ཕྱི་ཁར་འགྱོ་ནི་དང་ ནང་ན་འཛུལ་ནིའི་དོན་ལུ་ སྒོ་ར་དང་པ་དེ་ ལག་ལེན་འཐབ་བཅུག་འོང་ཟེར་ བཤདཕ་ཨིན་པའི་གནས་ཚུལ།

སྐད་སྒྱུར་- བཀྲིས་བསྟན་འཛིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *