གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ་མཆོག་གིས་ ས་བསླང་རྟེན་འབྲེལ་མཛད་གནང་པའི་བསྒང་།

ཕུན་ཚོགས་གླིང་ཁྲོམ་གོང་འཕེལ་ལས་འགུལ་འགོ་བཙུགས་ཡོདཔ།

༉ ཕུན་ཚོགས་གླིང་ཁྲོམ་ཁར་ ཆུ་རུད་བཀག་ཐབས་ལས་འགུལ་འགོ་བཙུགས་ཏེ་ ལོ་ངོ་༡༥ གི་རྒྱབ་ལས་ ཕུན་ཚོགས་གླིང་ཁྲོམ་གོང་འཕེལ་ལས་འགུལ་ འགོ་བཙུགས་ཡོད་མི་དེ་ཡང་ ཨ་མོ་ཆུའི་ས་ཁོངས་ནང་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ ས་སླང་རྟེན་འབྲེལ་འབད་ཡོདཔ་ཨིན་པས།
ས་སླང་རྟེན་འབྲེལ་སྐབས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱི་ཁྲི་འཛིན་ དྲགོས་ཨོ་རྒྱན་ཚེ་དབང་དང་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་ འབྲུག་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དྲགོས་ཀརྨ་འོད་ཟེར་རལ་གྲི་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་འགོ་དཔོན་ གཞུང་དང་སྒེར་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ནུག།
ཁྲོམ་གོང་འཕེལ་གྱི་དོན་ལུ་ ས་ཆ་ཨེ་ཀར་༡༦༢.༨༨ ངོས་འཛིན་འབད་ཡོདཔ་ད་ ལཱ་ཚུ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ འགོ་འདྲེན་ཐོག་ རྒྱ་གར་ལུ་ཡོད་མི་ ཨེཕི་ཀོནསི་གཞི་རྟེན་ཚད་འཛིན་གྱིས་ བཟོ་སྐྲུན་འབད་ནི་ཨིན་པས།
གོང་འཕེལ་ལཱ་གི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ འབྲུག་གཞུང་གིས་ བརྒྱ་ཆ་༧༠-༣༠ སྦེ་ མ་དངུལ་རྒྱབ་སྐྱོར་འབད་ནི་ཨིནམ་ད་ དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ བརྒྱ་ཆ་༧༠ དེ་ གྲོགས་རམ་ཡུ་ཨེསི་ཌོ་ལར་ས་ཡ་༢༤.༢༦ དང་ ཡུ་ཨེསི་ཌོ་ལར་ས་ཡ་༢༨.༧༤ སྐྱིན་འགྲུལ་ཨིན་པས།
ས་སླང་རྟེན་འབྲེལ་སྐབས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕུན་ཚོགས་རྒྱལ་མཚན་གྱིས་ བཟོ་སྐྲུན་འབད་མི་ཁག་འབགཔ་དེ་ བཟོ་སྐྲུན་ས་ཁོངས་ནང་ ལྷོད་དེ་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་བཙུགསཔ་བཟུམ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
བཟོ་སྐྲུན་གྱི་ལཱ་ དབྱེ་ཁག་དང་པ་ མཇུག་བསྡུ་ནིའི་དོན་ལུ་ ལོ་༤ དང་ ཕྱེད་དང་༥ འི་བར་ནའི་ དུས་ཡུན་ཡོད་ཟེར་ཨིནམ་ད་ ད་རུང་ དེ་གི་ཤུལ་ལས་ ལཱ་གི་དབྱེ་ཁག་རིམ་པ་༢ ཡོད་ཟེར་ བཤདཔ་ཨིན་པས།
མ་གཞི་ བཟོ་སྐྲུན་ལས་སྡེ་ཚུ་ལུ་ སྤྱི་ཟླ་༡༠ པའི་ཚེས་༣༡ ཚུན་ཚོད་ དུས་ཚོད་བྱིན་ཡོད་རུང་ ད་ལྟོ་ ས་ཁོངས་དེ་ནང་ར་ཡོདཔ་ད་ ད་ལས་ཕར་ ལས་འགུལ་དེ་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ལས་སྡེ་ཚུ་ བཟོ་སྐྲུན་ས་ཁོངས་ནང་ལས་ འཐོན་འགྱོ་དགོ་ཟེར་ ཕུན་ཚོགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ཕུན་ཚོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ རྒྱལ་ཁབ་ནང་ ཁྲོམ་སྡེའི་གོང་འཕེལ་ལས་འགུལ་སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ རྒྱལ་ཁབ་ཀྱི་ སྤྱིར་བཏང་གོང་འཕེལ་གྱི་དོན་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིན་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་འགུལ་དེ་ལུ་བརྟེན་ ཕུན་ཚོགས་གླིང་ཁྲོམ་ ཆུ་རུད་ལས་ ཉེན་སྲུང་འབད་ཚུགས་ནི་དང་ ཁྲོམ་རྒྱ་སྐྱེད་འགྱོ་ནི་ཨིནམ་ལས་ ཚོང་འབྲེལ་དང་ ལཱ་གཡོག་གི་ གོ་སྐབས་ཡང་ མངམ་བཟོ་ཚུགས་ཟེར་ཨིན་པས།
ཞབས་ཏོག་ལྷན་ཁག་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ཌེ་ནི་ཌའི་རྒྱབ་སྐྱོར་ཐོག་ སྤྱི་ལོ་༢༠༠༥ ལུ་ ལས་འགུལ་གྱི་ འོས་འབབ་བརྟག་ཞིབ་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༠༧ ལུ་ སྙན་ཞུ་ཕུལ་ཡོདཔ་ད་ ལས་འགུལ་འོག་ལུ་ ཨ་མོ་ཆུ་གློག་མེ་ལས་འགུལ་མ་ཚུད་པར་ཡོདཔ་ལས་ དེ་གི་དོན་ལུ་ བསྐྱར་ཞིབ་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *