ཕུཊ་བཱོལ་རྩེདམོ་ རྒྱལ་སྤྱིའི་གནས་ཚད་ཐོག་ལུ་ ཡར་དྲག་གཏང་དགོཔ།

༉ ད་རེས་ནངས་པར་ འཛམ་གླིང་ནང་ ཡོངས་གྲགས་ཅན་དང་ སྐད་གྲགས་ཅན་གྱི་རྩེདམོ་ ཕུཊ་བཱོལ་དེ་ རང་སོའི་ ལུང་ཕྱོགས་ཚུ་ནང་ རྩེད་འགྲན་འབད་བའི་བསྒང་ར་འདུག།
འདི་དང་འབྲེལ་ རྩེད་འགྲན་དེ་ནང་ འབྲུག་རྒྱལ་ཁབ་ཀྱི་ ན་གཞོན་ཚུ་གིས་ཡང་ སཱག་ལུང་ཕྱོགས་རྒྱལ་ཁབ་ནང་ལས་ མཐར་འཁྱོལ་བྱུང་སྟེ་ ཨེ་ཤི་ཡན་ཀབ་ཀྱི་ དོ་འགྲན་འབད་ནི་ཐོབ་མི་ལུ་ ང་བཅས་ར་ ངལ་རངས་བྱུང་བའི་གཞི་ཅིག་ཨིན་མས།
འབྲུག་གི་སྡེ་ཚན་གྱིས་ ཤྲི་ལངྐའི་སྡེ་ཚན་ཕམ་བཏང་སྟེ་ ཨེ་ཤི་ཡན་གྱི་གནས་རིམ་ནང་ མཐར་འཁྱོལ་བྱུང་ཡོདཔ་ལས་ ཨེ་ཤི་ཡན་ཀབ་ཀྱི་ རྩེད་འགྲན་ནང་ དོ་འགྲན་འབད་མི་སྡེ་ཚན་༢༤ ཡོད་པའི་གྲས་ལས་ འབྲུག་གི་ན་གཞོན་ཚུ་ སྡེ་ཚན་ང་པའི་གྲངས་སུ་ ཚུད་མི་ལུ་བརྟེན་ མཱལ་དིབསི་དང་ ཨོ་མེན་ པེ་ལིསི་ཊེན་སྡེ་ཚན་གསུམ་དང་གཅིག་ཁར་ དོ་འགྲན་འབད་ནིའི་གོ་སྐབས་ཐོབ་ཅི།
སྤྱིར་བཏང་ འབྲུག་པའི་སྡེ་ཚན་གྱིས་ གནས་རིམ་འོག་མ་ལས་ གོང་མའི་ནང་ མཐར་འཁྱོལ་བྱུང་ཚུགས་མི་ལུ་ ག་ར་སེམས་དགའ་ཡོད་རུང་ ཨེ་ཤི་ཡན་སྡེ་ཚན་གྱི་ རྩེད་འགྲན་ལུ་བལྟ་སྟེ་ དུམ་གྲ་ཅིག་ སེམས་ཕམ་བྱུང་ཡི།
འབྲུག་པའི་ན་གཞོན་ཚུ་གིས་ སྡེ་ཚན་གསུམ་ཆ་ར་ལས་ ཕམ་སོ་མི་ལུ་བརྟེན་ གོ་སྐབས་དེ་ དེམ་ཅིག་སྦེ་ རྫོགས་ནི་ཨིནམ་ལས་ དུམ་གྲ་ཅིག་ ངལ་རངས་བསྐྱེད་མ་ཚུགསཔ་བཟུམ་ཅིག་ལུ་གྱུར་ཡི།
སྤྱི་ཟླ་༩ པའི་ཚེས་༥ གི་ཕྱི་རུ་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་རྩེད་ཐང་ནང་སྦེ་ པེ་ལིསི་ཊེན་གྱི་ སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་སར་ལྟཝ་ད་ འབྲུག་པའི་ན་གཞོན་ཚུ་གིས་ བྱང་ཕྱད་ཀྱི་སྡེ་ཚན་རྩེད་འགྲན་པ་དང་ དོ་མཉམ་མེད་པའི་ ཚོར་སྣང་བྱུངམ་མས།
ག་འཆརཔ་ཟེར་བ་ཅིན་ འབྲུག་པའི་ན་གཞོན་ཚུ་ལུ་ རྩེད་འགྲན་གྱི་གནས་སྐབས་དང་ རིག་རྩལ་ རྩེད་ཐང་ཁྱབ་བརྡལ་འབད་ཐངས་ཚུ་ སློབ་སྟོན་པ་གིས་ ལེགས་ཤོམ་སྦེ་ར་ སྦྱང་བ་བྱིན་ཡོད་པའི་ བརྡ་མཚོན་ཅིག་ཨིན་རུང་ རྒྱུག་འགྲན་གྱི་ ཐད་ལུ་ལྷོད་པའི་བསྒང་ལས་ ཐབས་སྐྱོ་སུ་ཅིག་སྦེ་ར་ ལུས་ཡོད་མི་དེ་ཡང་ འདས་པའི་ལོ་དག་པ་ཅིག་གི་ཧེ་མར་ རྒྱ་ནག་དང་ ཀ་ཊར་གྱི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་བའི་སྐབས་ལུ་ བཟུམ་སྦེ་ར་ ཡར་དྲག་མ་འགྱོ་བར་ ལུས་ཏེ་འདུག།
ཕུཊ་བཱོལ་གྱི་རྩེདམོ་དེ་ རིག་རྩལ་དང་ ཐབས་རིག་དགོ་པའི་ཁར་ དེ་ཁར་ ཁག་ཆེ་ཤོས་དེ་ རྒྱུག་འགྲན་འབད་ནི་དེ་ གཙོ་བོ་ཅིག་ འབད་ནི་དེ་གིས་ བྱང་ཕྱད་སྡེ་ཚན་དང་གཅིག་ཁར་ རྒྱུག་འགྲན་གྱི་དོ་འགྲན་ ལེགས་ཤོམ་འབད་མ་ཚུགས་པ་ཅིན་ རིག་རྩལ་རྐྱངམ་གཅིག་གིས་ ཕན་ཐོགས་འབྱུང་ནི་ལུ་ གོ་སྐབས་ཉུང་སུ་ཅིག་ལས་མིན་ནུག།
ད་ལྟོའི་གནས་རིམ་ནང་འབད་བ་ཅིན་ འབྲུག་དང་ མ་ལེ་ཤི་ཡ་ ཨཱཕ་ག་ནིསི་ཊཱན་ སིངྒ་པུར་ དེ་ལས་ ནེ་པཱལ་སྡེ་ཚན་ཚུ་ ཨེ་ཤི་ཡན་ཀབ་རྩེད་འགྲན་ནང་ལས་ ཕྱིར་དབྱུང་འགྱོ་དོ་ཡོད་པའི་ཁར་ དེ་གི་གྲས་ལས་ སྡེ་ཚན་སྐྱོ་ཤོས་ར་ འབྲུག་གི་སྡེ་ཚན་ཨིན་མས།
ང་བཅས་འབྲུག་གི་ ཁ་རྒྱུན་ལུ་ དར་ཁྱབ་ཆེ་ཤོས་ཅིག་ རྒྱལ་ཁ་འཐོབ་ནི་དེ་ཁག་མི་ཆེ་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་ཟེར་བའི་ཚིག་དེ་ ཨ་ལོ་ན་ཆུང་ཅིག་ལས་འགོ་བཙུགས་ ག་ར་གིས་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན།
སྤྱིར་བཏང་ ལམ་ལུགས་ལུ་ དེ་སྦེ་ཡོད་རུང་ དོན་ངོ་མ་དེ་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ བཅའ་མར་གཏོགས་དོ་ཡོདཔ་ལས་ རྩེད་འགྲན་ནང་ལས་ ཕམ་པའི་སྐབས་སུ་ དཔེ་དོན་འདི་ར་ སླབ་སྡོད་པ་ཅིན་ འབྲུག་པའི་ན་གཞོན་ཚུ་ དུས་ནམ་དང་ནམ་ཡང་ རྒྱལ་སྤྱིའི་གནས་རིམ་ཁར་ ལྷོད་ཚུགས་ནི་ལུ་ ལཱ་ཁག་འོང་ནི་མས།
ཕྱིའི་ལོ་རྒྱུས་ག་དེ་སྦེ་ཨིན་རུང་ མནོ་བསམ་དེ་ རྒྱལ་ཁའི་དོན་ལུ་ཨིན་ཟེར་ སྦྱང་བ་ལེགས་ཤོམ་འབད་ཐོག་ལས་ རྩ་འགེངས་པ་ཅིན་ དུས་ཡུན་མ་རིངམོ་ཅིག་ལས་ འབྲུག་པའི་ན་གཞོན་ཚུ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ དཔེ་སྟོན་ཚུགས་པའི་ ཡུལ་ཅིག་ལུ་ འགྱུར་ནིའི་གོ་སྐབས་སྦོམ་ཡོདཔ་ལས་ མནོ་བསམ་རྒྱ་ཆེ་ས་ལས་བཏང་སྟེ་ ཡར་དྲག་གཏང་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *