ཕུགས་བརྟན་མེད་པའི་ སྲིད་ཀྱི་ཁས་བླངས?

༉ བཀྲིས་གཡང་རྩེ་རིག་གནས་མཐོ་རིམ་སློབ་གྲྭ་དེ་ ཀྲོང་གསར་ལུ་ སྤོ་བཤུད་འབད་ནི་གི་ ལོ་རྒྱུས་ཐོན་ཞིནམ་ལས་ཚུར་ འབྲེལ་ཡོད་དབང་འཛིན་དང་ ལྷན་ཁག་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ ཧད་འཕུལ་སྡོད་པའི་ ནམ་དུས་ལུ་ བཟོ་རིག་བཅུ་གསུམ་མཐོ་རིམ་གྲྭ་སྦེ་ མིང་བསྒྱུར་བཅོས་འབད་ནུག།
དེ་ཡང་ རིག་གནས་མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནི་ཨིན་པའི་སྐོར་ བརྡ་བརྒྱུད་ནང་ གནས་ཚུལ་ཐོན་པའི་ཤུལ་ལུ་ ལས་གཡོག་ལྷན་ཁག་གིས་ མཐོ་རིམ་སློབ་གྲྭའི་ མིང་གནས་བསྒྱུར་བཅོས་ཀྱི་དོན་ལུ་ གནང་བའི་ཡི་གུ་ཅིག་ བཙུགས་མི་དེ་ བློན་ཆེན་གྱིས་ རྒྱབ་སྣོན་དང་བཅས་ གནང་བ་གྲུབ་ཡོདཔ་ཨིན་མས།
འདི་འབདཝ་ད་ ས་གནས་ཀྱི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ མཐོ་རིམ་སློབ་གྲྭའི་ མིང་གསརཔ་བཏགས་ཡོདཔ་མ་གཏོགས་ གཞན་ག་ནི་ཡང་ གྲ་སྒྲིག་མིན་འདུག་ཟེར་ཨིནམ་ད་ ད་ལྟོ་ སློབ་གྲྭདེ་ནང་ སློབ་ཕྲུག་༡༢ ཡོད་མི་ལས་༡༡ དུས་ཅི་སྤྱི་ཟླ་༨ པའི་ནང་ ཀྲོང་གསར་སྟག་རྩེ་ལུ་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་གྲྭ་ནང་ གནས་སོར་གཏང་ནི་ཨིན་མས།
བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་དེ་ནང་ དུས་ཅི་ སྤྱི་ཟླ་༧ པ་ལས་ ཌིབ་ལོ་མའི་ སློབ་སྦྱོང་ཚུ་ བྱིན་ནི་གི་ ལས་འཆར་ཡོད་རུང་ ད་ལྟོ་ སློབ་སྟོན་པ་གསར་བཙུགས་དང་ ཡང་ཅིན་ སློབ་ཕྲུག་འཛུལ་ཞུགས་ཀྱི་ ཐོ་བཀོད་འབད་འབདཝ་མེད་པའི་ཁར་ མཐོ་རིམ་སློབ་གྲྭ་ལུ་མཁོ་བའི་ ས་ཆ་ཡང་ལངམ་སྦེ་ མཁོ་སྒྲུབ་འབད་འབདཝ་མིན་འདུག།
ལས་གཡོག་ལྷན་ཁག་གིས་ འདི་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ཡང་ ཧེ་མའི་ རིག་གནས་མཐོ་རིམ་སློབ་གྲྭ་ནང་ སློབ་སྦྱོང་བྱིན་མི་དེ་ སྟག་རྩེ་ལུ་ཡང་ སློབ་སྟོན་འབད་ནི་དེ་གིས་ཨིནམ་ད་ ད་རེས་ནངས་པར་ བཀྲིས་གཡང་རྩེ་ལུ་ བཟོ་རིག་བཅུ་གསུམ་སྤེལ་ཁང་ཅིག་དང་ བཟོ་རིག་མཐོ་རིམ་སློབ་གྲྭ་ཡོདཔ་བཞིན་དུ་ སྤེལ་ཁང་གིས་ ལག་ཁྱེར་སློབ་སྦྱོང་དང་ མཐོ་རིམ་སློབ་གྲྭ་གིས་ ཌིབ་ལོ་མའི་ སློབ་སྦྱོང་བྱིན་ནི་གི་ འཆར་གཞི་འདུག།
དེ་སྦེ་ལྟཝ་ད་ བཀྲིས་གཡང་རྩེའི་ མཐོ་རིམ་སློབ་གྲྭ་དེ་ནང་ སློབ་ཕྲུག་དང་ གཞི་རྟེན་ཁང་ ཡང་ཅིན་ སློབ་སྟོན་པ་ལ་སོགས་པ་ ག་ཅི་ཡང་མེདཔ་ལས་ གཞུང་གི་ཁས་ལེན་དང་འཁྲིལ་ གཞི་བཙུགས་འབད་ཡི་ཟེར་ སླབ་ནིའི་དོན་ལུ་ཨིནམ་བཟུམ་མའི་ མཐོང་སྣང་བྱུང་མི་དེ་ཡང་ ཧེ་མ་ལས་ འཆར་གཞི་དང་ སྲིད་བྱུས་ལེགས་ཤོམ་སྦེ་བརྩམས་ཏེ་ གཞི་བཙུགས་འབད་ཡོད་པ་ཅིན་ མཐོ་རིམ་སློབ་གྲྭ་༢ ནང་ སྦྱོང་ཚན་ཅོག་འཐདཔ་སྦེ་ སློབ་སྟོན་འབད་དགོཔ་ མེདཔ་མ་ཚད་ སློབ་ཕྲུག་ཚུ་ གནས་སོར་གཏང་དགོཔ་ཡང་མི་འཐོན།
དེ་གི་ནང་དོན་ཉིད་ལས་ བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་དེ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་ཡང་ ཚུད་ཚུདཔ་མིན་འདུག། ཨིན་རུང་ གཙུག་སྡེ་ཚུ་གིས་ མཐོ་རིམ་སློབ་གྲྭ་ཅིག་ སྒོ་ཕྱེ་བ་ཅིན་ གཙུག་ལག་སློབ་སྡེ་དང་ གྲོས་བསྟུན་འབད་དགོཔ་མེདཔ་ཨིན་མས།
ང་བཅས་ཀྱིས་ ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ ཧེ་མར་ཚར་ཅིག་ གཙུག་ལག་སློབ་སྡེ་གིས་ བཟོ་རིག་བཅུ་གསུམ་སྤེལ་ཁང་དེ་ མཐོ་རིམ་སློབ་གྲྭ་ལུ་ རྒྱ་སྐྱེད་འབད་ནི་གི་ དཔའ་བཅམ་ཡོད་རུང་ མ་དངུལ་དང་ ཐོན་ཁུངས་ཚུ་ དགོཔ་ཡོད་མི་ལུ་བརྟེན་ འཆར་གཞི་དེ་ བཤོལ་བཞག་ནུག།
རྒྱལ་ཁབ་ནང་ ལཱ་གཡོག་གི་ དཀའ་ངལ་སེལ་ནི་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་མི་ ལས་གཡོག་ལྷན་ཁག་གིས་ ད་རེས་འབད་བའི་བསྒང་ལས་ མཐོ་རིམ་སློབ་གྲྭ་ཅིག་ འཛིན་སྐྱོང་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ བཟོ་རིག་བཅུ་གསུམ་གྱིས་ ལམ་སྲོལ་ཉམས་སྲུང་འབད་ནང་ ཕན་གྲོགས་འབད་ནི་རྐྱངམ་གཅིག་མེན་པར་ སྤེལ་ཁང་དང་ མཐོ་རིམ་སློབ་གྲྭ་དེ་ཚུ་ནང་ལས་ སློབ་སྦྱོང་མཐར་འཁྱོལ་ཚརཝ་ད་ ལཱ་གཡོག་གི་ གོ་སྐབས་ག་ཅི་བཟུམ་ཡོདཔ་ཨིན་ན་ མི་སེར་ལུ་ སླབ་ནི་དེ་ཁག་ཆེ།
དེ་བཟུམ་སྦེ་ བཀྲིས་སྒང་ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ འཛིན་སྐྱོང་འཐབ་མི་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ གློག་རིག་དང་འབྲེལ་བའི་ ཚན་རིག་གི་ སྦྱོང་ཚན་དེ་ མོང་སྒར་རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ སྤོ་བཤུད་འབད་ནི་ཨིན་མས།
ད་ལྟོ་ མཐོ་རིམ་སློབ་གྲྭ་གསརཔ་བཙུགས་མི་ཚུ་གི་ གནས་སྟངས་ལུ་ བལྟ་བ་ཅིན་ རྒྱུན་བརྟན་མི་འོང་ནི་བཟུམ་ཡོད་མི་དེ་ཡང་ འཆར་གཞི་ཚུལ་ལྡན་སྦེ་ མ་བརྩམས་པར་ སྲིད་དོན་གྱི་ ཁས་ལེན་འགྲུབ་ཐབས་ལུ་ ག་ཚུད་ག་ཐོབ་སྦེ་ གཞི་བཙུགས་འབད་མི་ལུ་བརྟེན་ཨིན་མས།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *