ཕུ་གཡུས་ཚན་ལས་ ཏུ་ལུམ་པི་གིས་ ད་ལྟོ་ ཆུ་འབོར་ཆེ་ཏོག་ཏོ་སྦེ་ ཐོན་མི་ལས་ ལགཔ་འཁྱུ་བའི་བསྒང་།

ཕི་ལུ་མ་སྤྱི་འོག་ནང་ ཡུན་བརྟན་གྱི་ ཆུ་རྐ་མེདཔ་ལས་ གཡུས་མི་ཚུ་ ཚ་གྱང་ལང་ཡོདཔ།

༉ གནམ་བྱཱར་འགོ་བཙུགས་མི་དང་བསྟུན་ ཆརཔ་མ་ཆད་པར་ རྐྱབ་མི་དེ་གིས་ ལྷོ་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་ནང་ སྡོད་མི་ཚུ་ལུ་ འཐུང་ཆུའི་དཀའ་ངལ་ གནས་སྐབས་ཅིག་ སེལ་ཚུགས་ཏེ་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཆུ་ཡོད་སར་ ཆརཔ་རྐྱབ་ཟེར་དོ་བཟུམ་ ཆུ་འབོལ་དྲགས་པའི་ དཀའ་ངལ་བྱུང་སྟེ་འདུག།
དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མཐའ་ཟུར་སྤྱི་འོག་ ཕི་ལུ་མ་ལུ་ ཨ་རྟག་འབད་བ་ཅིན་ ཆུའི་དཀའ་ངལ་སྦོམ་ཡོད་རུང་ ད་རེས་བཟུམ་མའི་ དུས་ཚོད་ནང་ སོ་ནམ་པ་ཚུ་ འཐུང་ཆུའི་ཚ་གྱང་ལང་དགོཔ་ མེདཔ་ཨིན་པས།
ཕི་ལུ་མ་དེ་ ཁ་སྟོད་དང་ ཁ་སྨད་སྦེ་ གཡུས་སྒོ་ཁག་༢ ཡོདཔ་བཞིན་དུ་ གཡུས་ཚན་༢ ཆ་རའི་ནང་ ད་རེས་ནངས་པར་ ཆུ་འབོར་ཆེ་ཏོག་ཏོ་སྦེ་ ཐོན་མི་ལུ་བརྟེན་ ཆུ་མ་ལང་པའི་ དཀའ་ངལ་མིན་འདུག།
ཨིན་རུང་ གཡུས་ཚན་གཉིས་ཆ་རའི་ ཆགས་ཚུལ་དེ་ མཐོ་དམན་སྦེ་ཡོདཔ་ལས་ འདས་པའི་ལོ་ངོ་བཅུ་ཕྲག་གི་ ནང་འཁོད་ལུ་ ཆུའི་རྐ་ཚུ་བསྐམས་ནི་དེ་གིས་ གནམ་དགུན་ལུ་ ཆུ་མེད་པའི་ གདོང་ལེན་སྦོམ་བྱུང་དོ་ཡོདཔ་ཨིན་པས།
སྨད་གཡུས་ཚན་གྱི་དོན་ལུ་ ཆུའི་རྐ་ཕུད་རྡོག་གཅིག་ལས་བརྒལ་ མེད་མི་དེ་ཡང་ གཡུས་ཀྱི་ལྟག་ལུ་ ཁར་ལྡི་ཟེར་མི་ལས་ ཐོནམ་ཨིན་རུང་ ཆུ་རྐ་དེ་ ཕུ་དང་ཕི་ལུ་མ་གཡུས་༢ ཀྱི་བར་ན་ གཡུས་མི་ཚུ་གི་ ས་ཞིང་ཡོད་མི་ཚུ་ བཟའ་སྤྱོད་ཀྱི་དོན་ལུ་ རྩེ་རི་བརྫམས་མི་ལུ་བརྟེན་ ཆུ་རྐ་ལུ་ ཐོ་སྦོམ་སྦེ་ར་ཕོག་ནུག།
སྤྱི་ལོ་༡༩༩༠ གོ་གྲངས་དེ་ཅིག་ཁར་ འཐུང་ཆུ་བཀྲམ་སྤེལ་གྱི་ མཐུན་རྐྱེན་ཚུ་ གཡུས་ཚན་དེ་གཉིས་ནང་ མ་ལྷོད་པའི་ཧེ་མར་ སྨད་གཡུས་ཚན་གྱི་ མི་སེར་ཚུ་གིས་ གཡུས་ཀྱི་མཐའ་མར་ཡོད་མི་ རི་ཡེ་ཟེར་སར་ ཤིང་ཅིག་གི་ རྩ་བ་ལས་ཐོན་མི་ སིམ་ཆུ་ཅིག་ལས་ དབོགས་འཐུང་དོ་ཡོདཔ་ཨིན་རུང་ འཐུང་ཆུ་བཏོན་པའི་ཤུལ་ལུ་ དེ་ནང་ལས་ ཆུ་དབོགས་འཐུང་ནི་དེ་ བཞག་ཡོདཔ་ལས་ ད་རེས་ ས་ཁོངས་ནང་ ཆུའི་ཤུལ་ར་མིན་འདུག།
གདོང་ལེན་དེ་ཚུ་ལུ་བལྟ་སྟེ་ སྨད་གཡུས་ཚན་གྱི་དོན་ལུ་ སྡུག་པོ་གཡུས་ཚན་གྱི་མཇུག་ལས་ ཆུ་རྐ་སོ་སོར་ཅིག་ ངོས་འཛིན་འབད་ཡོད་རུང་ དེ་ནང་ལས་འཐེན་མི་ཆུ་གིས་ གཡུས་མཇུག་ལུ་ཕོགཔ་ལས་ བཤོལ་བཞག་ཡོདཔ་ཨིན་པས།
ཨིན་རུང་ སྨད་གཡུས་ཚན་གྱི་དོན་ལུ་ ད་རུང་ ཆུ་རྐ་སོ་སོར་ཅིག་ ཕུ་གཡུས་ཚན་གྱི་མཇུག་ལུ་ ན་བར་རི་ལས་ བཏོན་ནི་གི་ ངོས་འཛིན་འབད་དེ་ཡོད་ཟེར་ ཚོགས་པ་རིག་འཛིན་གྱིས་ བཤདཔ་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ སྡུག་པོ་ས་གཡུས་མཇུག་ལས་ ངོས་འཛིན་འབད་མི་ ཆུ་རྐ་ལས་འཐེན་པ་ཅིན་ གཡུས་ཀྱི་ལྟག་ལུ་མི་ལྷོད་ནི་ཨིནམ་ལས་ རྐ་སོ་སོར་འཚོལ་དགོཔ་བྱུང་ཡི་ཟེར་ཨིན་པས།
སྨད་གཡུས་ཚན་ལས་ སྐྱེས་ལོ་༤༠ ལང་མི་ ཆོས་སྐུ་གིས་ སླབ་མིའི་ནང་ ད་ལྟོ་ དཀའ་ངལ་མེད་རུང་ གནམ་དགུན་ལུ་ གཡུས་མི་ག་ར་གིས་ རང་སོའི་ནོར་ཚུ་ཡང་ ཁྱིམ་གྱི་ཉེ་འདབས་ལུ་ བཞག་ནི་ཡོདཔ་ལས་ སེམས་ཅན་ཚུ་ལུ་ཡང་ མི་གིས་འཐུང་མི་ ཆུ་ལས་བྱིན་དགོཔ་ལས་ དཀའ་ངལ་སྦོམ་ འཐོན་འོང་ཟེར་ཨིན་པས།
ན་བར་ཡེ་ལས་ ཆུ་འཐེན་པ་ཅིན་ དཀའ་ངལ་སེལ་ཚུགས་པའི་ རེ་བ་ཡོད་མི་དེ་ཡང་ ན་བར་ཡེ་གི་ ཆུ་རྐ་དེ་ རྐ་གཞན་ཚུ་དང་ཕྱདཔ་ད་ གནམ་དགུན་ལུ་ དེ་ཚུན་ཆུང་ཀུ་འགྱོ་ནི་མེད་ཟེར་ བཤདཔ་ཨིན་པས།
ད་ལྟོ་ དཀའ་ངལ་མེད་རུང་ གནམ་དགུན་རནམ་ད་ ནོར་སེམས་ཅན་གྱིས་མ་ཚད་པར་ མི་ལུ་ཡང་ ལང་ཚུགས་པར་ ལཱ་ཁག་རྐྱབ་ནི་ཡོདཔ་བཞིན་དུ་ ཁ་སྨད་གཡུས་ཚན་ ཕུ་ལུ་ཡང་ གནས་སྟངས་དེ་ ཅོད་འཐདཔ་ཡོདཔ་ཨིན་པས།
ཕུ་གཡུས་ཚན་ནང་ ད་ཚུན་གྱི་བར་ན་ ཆུ་རྐ་༢ སོར་དགོཔ་ཐོན་ཡོད་རུང་ ད་ལྟོའི་ཆུ་རྐ་ ཁམས་དྭངས་ཡེ་ལས་ ཐེན་མི་དེ་གིས་ཡང་ གནམ་དགུན་ལུ་ ཆུ་ལང་མ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ གཡུས་ཚན་དེ་གི་དོན་ལུ་ཡང་ ཆུའི་རྐ་སོ་སོར་ཅིག་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༥༠ ལང་མི་ ཉི་མེད་ཀྱིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ ད་ལྟོའི་ཆུའི་རྐ་ ཁམས་དྭངས་ཡེ་ལས་ཕར་འགྱོཝ་ད་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་ཁར་ཡོད་མི་ ཝུང་ཆི་ལོའི་མཇུག་ལས་ ངོས་འཛིན་འབད་ཡོད་རུང་ དེ་གིས་ཡང་ ཡུན་བརྟན་སྦེ་ དཀའ་ངལ་སེལ་མི་ཚུགསཔ་འོང་ཟེར་ཨིན་པས།
ཕི་ལུ་མ་སྤྱི་འོག་དེ་ ཧེ་མ་ ནགས་ཚལ་ཅིག་ཨིན་རུང་ དེ་ནང་སྡོད་མི་ཚུ་གི་ ཕ་བརྒྱུད་ག་ར་ ཨོ་རོང་རྒེད་འོག་ནང་ལས་ འཕྱལ་ཏེ་འོང་མི་ཚུ་ཨིནམ་ད་ སྤྱི་འོག་ནང་ ད་རེས་ ཁྱིམ་གུང་པ་༥༠ དེ་ཅིག་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ཡོད་མི་ ཆུའི་འབོར་ཚད་དང་འཁྲིལ་བ་ཅིན་ འབྲུག་མི་རེ་གི་ ཆུའི་ཐོབ་ཚད་དེ་ འཛམ་གླིང་ནང་ མཐོ་ཤོས་ཅིག་ཨིན་རུང་ མི་སེར་ཚུ་ལུ་ ཆུ་ལངམ་སྦེ་ འཐོབ་ཚུགསཔ་བཟོ་ནི་དེ་ གདོང་ལེན་སྦོམ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཆུ་རྐ་འཛིན་སྐྱོང་འཆར་གཞིའི་ མཁས་མཆོག་ཚུ་གིས་ ཆུའི་དཀའ་ངལ་ཚུ་གཅིག་ཁར་ སེལ་ཐབས་འབད་ནི་དེ་ ལཱ་ཁག་འོང་ནི་ཨིནམ་ལས་ དཀའ་ངལ་སེལ་ཐབས་ལུ་ མི་སྡེའི་གནས་ཚད་ནང་ འཛིན་སྐྱོང་འབད་ནིའི་ལམ་ལུགས་ འགོ་བཙུགས་དགོཔ་དེ་ གལ་ཆེཝ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
གནམ་བྱཱར་ལུ་ ཆརཔ་རྐྱབ་མི་དེ་གིས་ སྤྱི་ཟླ་༤ པ་ལས་༡༠ པ་ཚུན་ ཆུ་འབོལ་དྲགས་སྦེ་ ཐོབ་ཨིན་རུང་ དེ་གི་ཤུལ་ལས་ ས་འོག་གི་ཆུ་ལུ་ བརྟེན་སྡོད་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཆུ་རྐ་འཛིན་སྐྱོང་འཆར་གཞིའི་ སྡེ་ཚན་གྱིས་ འཆར་གཞི་ཟིན་བྲིས་དང་འཁྲིལཝ་ད་ ཧཱ་དང་ རྩི་རང་ལུ་ཡོད་མི་ བུ་རི་ཆུ་ མོང་སྒར་ཡུ་ན་རི་ དེ་ལས་ ཀྲོང་གསར་ལུ་ ནི་ཀ་ཆུ་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་ བཀོད་མིའི་ནང་ ས་གནས་ལ་ལོ་ནང་ ཆུ་སྐམ་འགྱོ་བའི་ དཀའ་ངལ་མེད་རུང་ ལངམ་སྦེ་ཁྱབ་ཚུགས་བཟོ་མ་ཚུགས་པས་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལོའི་ འཛམ་གླིང་དངུལ་ཁང་གི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཆུའི་ཉེན་སྲུང་དེ་ བརྒྱ་ཆ་༥༠ ལས་མེད་པའི་ ངོས་འཛིན་བྱུང་ཡོདཔ་ད་ དཀའ་ངལ་དེ་ཚུ་ལུ་ གདོང་ལེན་འབད་ཐབས་ལུ་ འབྲུག་གི་ཆུའི་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལཝ་ད་ གཅིག་མཐུན་ཐོག་ལས་ ཆུའི་རྐ་འཛིན་སྐྱོང་འབད་དེ་ ཉམས་སྲུང་འབད་ནི་དང་ ཡུན་བརྟན་གྱི་ཐོག་ལས་ ལག་ལེན་འཐབ་དགོཔ་དེ་ གལ་ཆེཝ་སྦེ་ ངོས་འཛིན་འབད་ནུག།
གཞུང་གིས་ཡང་ ཆུའི་གདོང་ལེན་འབད་ནི་ལུ་དམིགས་ཏེ་ དམིགས་བསལ་དུ་ ལྷན་ཚོགས་གཞི་བཙུགས་འབད་ནི་གི་ གྲོས་ཐག་བཅད་ཡོདཔ་ད་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ གཞུང་གིས་ འཐུང་ཆུ་དང་ ཞིང་ཆུའི་དོན་ལུ་ ཟད་འགྲོ་སྦོམ་བཏང་ཡོད་རུང་ གནམ་གཤིས་འགྱུར་བགྲོད་དང་ གཞུང་ལམ་སེལ་མི་ དེ་ལས་ གོང་འཕེལ་གྱི་ ལས་སྣ་ཚུ་གིས་ཡང་ ཆུརྐ་སྐམ་འགྱོཝ་མས་ཟེར་ གསུངས་ཡོད་པའི་གནས་ཚུལ།
གནས་ཚུལ་འདི་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལུ་ བསྡུ་བཀོད་འབད་ཡོདཔ་ཨིན།

ཕི་ལུ་མ་ལས་ བཀྲིས་བསྟན་འཛིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *