༉ འདས་པའི་བདུན་ཕྲག་ནང་ སྐྱེས་ལོ་༣ ལང་མི་ ཨ་ལོ་ཅིག་ ཟས་བཅུད་མ་ལང་པའི་ ནད་རྟགས་ཐོན་མི་ལུ་བརྟེན་ བཀྲིས་སྒང་སྨན་ཁང་ནང་བསྐྱལ་ནུག།
ཨ་ལོ་དེ་གི་ ཨའི་དེ་ ཚེ་ལས་འདས་པའི་ཤུལ་ལས་ ཨ་ལོ་དེ་ སློབ་རིམ་༡༠ པ་ནང་ དཔེ་ཆ་ལྷབ་མི་ ཨ་ཞེམོ་གིས་ བདག་འཛིན་འབད་ཡོདཔ་ད་ དམག་མི་ཅིག་ཨིན་མི་ ཨ་ལོའི་ཨ་པ་དེ་ མང་ཤོས་ར་ ལཱ་འབད་བར་ འགྱོ་དོ་ཡོདཔ་ཨིན་པས།
བཀྲིས་སྒང་སྨན་ཁང་གི་ དྲུང་འཚོ་གིས་ སླབ་མིའི་ནང་ ཨ་ལོ་དེ་ བཞེས་སྒོ་ཚུ་ དུས་ཚོད་ཁར་ མ་བྱིན་མི་ལུ་བརྟེན་ ཟས་བཅུད་མ་ལང་པའི་ དཀའ་ངལ་ཐོན་ནུག་ཟེར་ཨིན་པས།
བཀྲིས་སྒང་ལུ་ སྨན་ཁང་༢༥ དེ་ཅིག་ཡོད་མི་ཚུ་ནང་ ན་ཧིང་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་༡༨,༤༤༣ དེ་ཅིག་གིས་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ འོང་མིའི་གྲས་ལས་ ཨ་ལོ་༤༡༢ ཀྱིས་ ཟས་བཅུད་ལངམ་མེད་པའི་ མངོན་གསལ་བྱུང་ནུག།
ཟས་བཅུད་མ་ལང་པའི་ དཀའ་ངལ་དེ་ སྤྱི་ལོ་༢༠༡༤ ལུ་ ཨ་ལོ་༤༢༦ དེ་ཅིག་གིས་ ཐོབ་མི་ལས་ སྤྱི་ལོ་༢༠༡༥ ལུ་ ཨ་ལོ་༤༩༦ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨ་ལོ་མང་ཤོས་ཅིག་གིས་ སྨན་ཁང་ཚུ་ནང་ བརྟག་དཔྱད་འབད་བར་ འོང་ཡོད་རུང་ གྱངས་ཁ་དེ་ལུ་ རྣམ་རྟོག་ལང་དགོཔ་མེད་ཟེར་ཨིན་པས།
ཨ་ལོ་ཚུ་གིས་ ཟས་བཅུད་མ་ལང་པའི་ དཀའ་ངལ་དེ་ལུ་ གནད་དོན་ལེ་ཤ་ཡོད་མི་དེ་ཡང་ ཕམ་ཚུ་གིས་ ཨ་ལོ་ཚུ་ལུ་ བཞེས་སྒོ་བཅུད་ཅན་ མ་བྱིན་མི་དང་ གཙང་སྦྲ་དང་ལྡནམ་སྦེ་ མ་བྱིན་ནི་དེ་གིས་ཨིན་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
བཀྲིས་སྒང་སྨན་ཁང་གི་ ཟས་བཅུད་མཁས་མཆོག་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཨ་ལོ་ཚུ་གིས་ ཟས་བཅུད་ཀྱི་ སྟབས་མ་བདེཝ་ཐོན་མི་ གཙོ་བོ་ར་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ གཅེས་སྐྱོང་ལེགས་ཤོམ་སྦེ་ མ་འབད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཟས་བཅུད་ཀྱི་ ནད་གཞི་དེ་ཡང་ གྲོང་གསེབ་ཀྱི་ ཨ་ལོ་ཚུ་ ཐོབ་མི་དེ་ཡང་ ཨ་ལོའི་ཕམ་ མང་ཤོས་ར་ ལཱ་འབད་བར་ འགྱོ་བའི་སྐབས་ ཨ་ལོ་ཁོང་ར་རྐྱངམ་གཅིག་ ཁྱིམ་ནང་བཞག་མི་དེ་གིས་ ཨ་ལོ་ཚུ་གིས་ བཞེས་སྒོ་དུས་ཚོད་ཁར་ མི་ཐོབ་དོ་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་འབད་བ་ཅིན་ ཕམ་མང་ཤོས་ཅིག་གིས་ ཨ་ལོ་ཚུ་ལུ་ ཀེ་བ་མ་གཏོགས་ ཟས་བཅུད་དང་ལྡན་པའི་ བཞེས་སྒོ་ཚུ་ མ་བྱིན་པས་ཟེར་ཨིནམ་ད་ སྨན་ཁང་ནང་ མོ་རའི་ཨ་ལོ་ སྐྱེས་ལོ་༣ ལང་མི་ ཁྱིད་ཐོག་ལུ་ དུས་རྒྱུན་གྱི་ བརྟག་དཔྱད་འབད་བར་འོང་མི་ སངས་རྒྱས་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ མོ་རའི་གཡུས་ཁར་ ཚོད་བསྲེ་ལེ་ཤ་སྦེ་ འཛུགས་སྐྱོང་འབད་ནི་མེདཔ་ལས་ ཁོང་གིས་ཟ་མི་ ཚོདམ་དེ་ར་ ཨ་ལོ་ཚུ་ལུ་ བྱིན་དོ་ཟེར་ཨིན་པས།
ཀརྨ་དབང་ཕྱུག་གིས་འབད་བ་ཅིན་ ཨ་ལོ་ཚུ་ལུ་ སྤུས་ཚད་ལྡན་པའི་ བཞེས་སྒོ་འདྲ་མཉམ་སྦེ་ བྱིན་པ་ཅིན་ ལེགས་ཤོམ་སྦེ་ སྦོམ་འགྱོ་འོང་ཟེར་ཨིནམ་ད་ ཨ་ལོ་ཚུ་ལུ་ ཤ་རྐྱངམ་གཅིག་ བྱིན་དགོཔ་མེདཔ་ལས་ ཟས་བཅུད་ཡོད་པའི་ ཨོམ་དང་ སྒོང་རྡོག་ སྲནམ་ཅུམ་ ནེའུ་ཊི་ལ་ལ་སོགས་པ་ཚུ་ བྱིན་དགོ་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཟས་བཅུད་བརྟག་ཞིབ་ སྤྱི་ལོ་༢༠༡༥ ཅན་མ་དང་འཁྲིལཝ་ད་ ཤར་ཕྱོགས་རྫོང་ཁག་ནང་ ཨ་ལོ་བརྒྱ་ཆ་༢༩.༡ དེ་ཅིག་ལུ་ ཟས་བཅུད་ལངམ་མེད་པའི་ ནད་གཞི་ཐོབ་པའི་ མངོན་གསལ་བྱུང་ཡོདཔ་ད་ དབུས་ཕྱོགས་དང་ ནུབ་ཕྱོགས་ལུ་ ཟས་བཅུད་ལངམ་མེད་མི་ ཨ་ལོ་བརྒྱ་ཆ་༡༦.༢ དང་༡༨.༥ ཡོད་པའི་ ཐོ་བཀོད་འབད་ནུག།
དེ་མ་ཚད་ ནད་གཞི་དེ་ཡང་ ཁྲོམ་སྡེ་དང་ཕྱདཔ་ད་ གྲོང་གསེབ་ནང་ བརྒྱ་ཆ་༢༦.༡ དེ་ཅིག་ ཡོདཔ་བཞིན་དུ་ ཁྲོམ་སྡེ་ནང་ བརྒྱ་ཆ་༡༦ ལས་བརྒལ་མིན་འདུག་ཟེར་ ཟས་བཅུད་བརྟག་ཞིབ་ནང་བཀོད་ནུག།
ཌོག་ཊར་ཚུ་གིས་འབད་བ་ཅིན་ ཨ་ལོ་ཚུ་ ཟས་བཅུད་ཀྱི་ ནད་གཞི་དེ་ཡང་ གཙང་སྦྲ་མེད་མི་ལུ་བརྟེན་ ཐོབ་ནུག་ཟེར་ཨིནམ་ད་ ནུབ་ཕྱོགས་རྫོང་ཁག་དང་ཕྱདཔ་ད་ ཤར་ཕྱོགས་རྫོང་ཁག་ནང་ ཆུའི་གཙང་སྦྲ་འཕྲོད་བསྟེན་དེ་ ལེགས་ཤོམ་མེད་པའི་སྐོར་ ཟས་བཅུད་ཀྱི་ བརྟག་ཞིབ་ནང་ བཀོད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།