ཤེས་ཡོན་ལྟ་སྐོར་ལུ་འགྱོ་མི་ སློབ་དཔོན་དང་ སློབ་ཕྲུག་ཚུ།

ཕམ་ཉམ་ཆུང་གི་ སློབ་ཕྲུག་སྡེ་ཚན་ཅིག་ ཐའི་ལེནཌ་ལུ་ ཤེས་ཡོན་ལྟ་སྐོར་ལུ་ འགྱོ་དོ་ཡོདཔ།

༉ དུས་ཅི་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ཀྲོང་གསར་དཔོན་སློབ་ སེམས་ཤུགས་ལས་རིམ་ཟེར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་གི་དོན་ལས་ ཤེས་ཡོན་ལྟ་སྐོར་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ ལས་འཛིན་གྱིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ ཀྲོང་གསར་དཔོན་སློབ་ གཱོལཕ་རྩེད་འགྲན་གྱི་ཚབ་ལུ་ཨིནམ་བཞིན་དུ་ ད་ལས་ཕར་ འབྲུག་མཁའ་འགྲུལ་གྱི་ ལོ་བསྟར་དུས་སྟོན་བཟུམ་ཅིག་ འོང་ནི་ཨིན་པས།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་ ལས་རིམ་གྱི་ དམིགས་ཡུལ་གཙོ་བོ་ར་ ཕམ་ཉམ་ཆུང་གི་ སློབ་ཕྲུག་ཚུ་ལུ་ ལྟ་རྒྱ་མཐོང་རྒྱ་འཐོབ་ནི་དང་ དཔེ་ཆ་རྩ་འགེངས་ལྷབ་ནི་ལུ་ སེམས་ཤུགས་བསྐྱེད་ནི་ དེ་ལས་ ཁོང་རའི་ རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་རིམ་དེ་ ལོ་ངོ་བཅུ་ཕྲག་༣ གྱི་རྒྱབ་ལས་ མི་སྡེ་ལུ་ ཞབས་ཏོག་འགྲུབ་ནིའི་ ལྷན་ཐབས་བཟུམ་ཅིག་སྦེ་ འགོ་དང་པ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་གྱིས་འབད་བ་ཅིན་ ལས་རིམ་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་དང་ ཐའི་ལེནཌ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ མ་དངུལ་གྱི་ རྒྱབ་སྐྱོར་དེ་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ འཛམ་གླིང་ཚོང་རོགས་ཚུ་གིས་ འབད་དོ་ཟེར་ཨིན་པས།
ལས་རིམ་གྱི་འཐུས་མི་ ཨོ་རྒྱན་བཀྲིས་ཀྱིས་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ཡང་ རྫོང་ཁག་༢༠ ལས་ བུཚ་རེ་དང་ བུམོ་རེ་གདམ་འཐུ་འབད་ཡོདཔ་བཞིན་དུ་ སྤ་རོ་དབང་གསལ་སྤེལ་ཁང་ལས་ བུཚ་༢ དང་བུམོ་༢ གདམ་འཐུ་འབད་ཡོདཔ་ད་ སློབ་ཕྲུག་བདག་འཛིན་པ་ སློབ་དཔོན་༤ ཡང་ གདམ་འཐུ་འབད་དེ་ཡོད་ཟེར་ བཤདཔ་ཨིན་པས།
དབང་གསལ་སྤེལ་ཁང་གི་སློབ་ཕྲུག་ ཨོ་རྒྱན་དཔལ་འབྱོར་གྱིས་ སླབ་མིའི་ནང་ རྒྱལ་ཁབ་གཞན་ནང་ འགྱོ་ནི་གི་ གོ་སྐབས་ཐོབ་ནི་དེ་གིས་ ཕྱིའི་ལམ་དང་ ལུགས་སྲོལ་བལྟ་ནི་དང་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ ཤེས་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
སྐྱེས་ལོ་༡༧ ལང་མི་ སུ་བཱཤ་སུ་བ་གིས་ སླབ་མིའི་ནང་ ཤེས་ཡོན་ལྟ་སྐོར་གྱི་དོན་ལས་ བཙག་འཐུ་གྲུབ་ནུག་ཟེར་གོཝ་ད་ སེམས་དགའ་ཡོདཔ་བཞིན་དུ་ འདི་བཟུམ་མའི་ གོ་སྐབས་གནང་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ གནས་ཚུལ་གསར་བཏོན་ནང་ སློབ་ཕྲུག་ཚུ་གིས་ ཁའུ་ཀིའུ་གི་སེམས་ཅན་གླིང་ག་དང་ དམ་མ་ཇ་རིན་ ཝི་ཏེ་ཡ་སློབ་གྲྭ་ནང་ ལྟ་སྐོར་ལུ་ འཁྱིད་ནི་ཟེར་ བཀོད་ནུག།
སློབ་ཕྲུག་བཀྲིས་གཡང་འཛོམས་ཀྱིས་ སླབ་མིའི་ནང་ ཤེས་ཡོན་ལྟ་སྐོར་ལས་ཐོབ་མི་ ཉམས་མྱོང་ཚུ་ ལོག་སྟེ་སློབ་གྲྭ་ནང་འགྱོཝ་ད་ ཆ་རོགས་ཚུ་ལུ་ བརྗེ་སོར་འབད་འོང་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་ཡང་ རྒྱལ་པོའི་སྐྱིད་སྡུག་ཡིག་ཚང་ལས་ སྐྱིད་སྡུག་ཐོབ་མི་ སློབ་ཕྲུག་༤༠ ཤེས་ཡོན་ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡོདཔ་ད་ སློབ་དཔོན་གྱི་ཐད་ཁར་ སློབ་གྲྭ་དྲག་ཤོས་༡༠ གྱི་གྲས་ལས་ ཤེས་རིག་ལྷན་ཁག་གིས་ གདམ་འཐུ་འབད་ཡོདཔ་ཨིན་པས།
སློབ་ཕྲུག་བདག་འཛིན་པ་སྦེ་འགྱོ་མི་ སློབ་དཔོན་ཚེ་དབང་གཡུ་སྒྲོན་གྱིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ མ་འོངས་པ་ལུ་ སློབ་ཕྲུག་ཚུ་གིས་ དཔེ་ཆ་ལྷབ་ནིའི་ལུ་ ལྷན་ཐབས་འབད་ནི་དང་ སློབ་ཕྲུག་གཞན་ཚུ་ལུ་ཡང་ སེམས་ཤུགས་བྱིན་ཚུགས་ནི་མས་ཟེར་ཨིན་པས།
ད་རིས་ལས་ སློབ་ཕྲུག་དང་ སློབ་དཔོན་བསྡོམས་༥༢ དེ་ཅིག་ ཤེས་ཡོན་ལྟ་སྐོར་ལུ་ ཐའི་ལེནཌ་ལུ་ འགྱོ་ནི་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ལུ་ ཉིན་འཐུས་ཡུ་ཨེསི་ཌོ་ལར་༥༠༠ རེ་སྤྲོད་འོང་ཟེར་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *