འོད་གསལ་སྤང་ལུ་ཡོད་མི་ རྒྱལ་ཡོངས་ཕགཔ་རིགས་སྤེལ་དང་ གསོ་སྐྱོང་ལྟེ་བ།

ཕགཔ་གསོ་སྐྱོང་ལྟེ་བ་དེ་ ཉོགས་བཤད་བཀོད་སའི་ ཡུལ་ཅིག་ལུ་གྱུར་ཡོདཔ།

༉ ཐིམ་ཕུག་འོད་གསལ་སྤང་གི་ མི་སེར་དང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ རྒྱལ་ཡོངས་ཕགཔ་རིགས་སྤེལ་དང་ གསོ་སྐྱོང་ལྟེ་བ་ལས་ ཨ་བ་གི་ དྲིམ་མནམ་པའི་སྐོར་ ཉོགས་བཤད་བཀོདཔ་ཨིན་པས།
རྒྱལ་ཡོངས་ལུང་ཕྱོགས་ཕགཔ་རིགས་སྤེལ་དང་ གསོ་སྐྱོང་ལྟེ་བ་དེ་ཡང་ ཐིམ་ཕུག་དང་ དབང་འདུས་ཕོ་བྲང་གི་ གཞུང་ལམ་འོག་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ ལྟེ་བ་གིས་ ཕགཔ་ཚུ་གི་ ཨ་བའི་དྲིམ་ མི་མནམ་ནིའི་དོན་ལུ་ ཐབས་ཤེས་མ་བཏོན་ཚུན་ཚོད་ ས་གནས་ཀྱི་ མི་སེར་ཚུ་ ད་ལྟོའི་ གནས་སྟངས་ཐོག་ལུ་ར་སྡོད་དགོཔ་ འབྱུང་ནི་ཨིན་པས།
ལྟེ་བའི་ཉེ་འདབས་ལུ་ ཚོད་བསྲེ་བཙོང་སྡོད་མི་ཚུ་གིས་ སླབ་མིའི་ནང་ ཕགཔ་གི་ཨ་བའི་ དྲི་ངན་གྱིས་ དྲེགས་མི་ཚུགས་པའི་ཁར་ ཚོང་མགྲོན་པ་ཚུ་གིས་ཡང་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་གི་གྲས་ལས་ སྐྱེས་ལོ་༥༧ ལང་མི་ ཨའི་ཏ་མ་ཡ་གིས་འབད་བ་ཅིན་ ཚོད་བསྲེ་བཙོང་སར་ མི་དྲག་ཞན་ཆེ་ཆུང་མེད་པར་ འོང་དོ་ཡོདཔ་ལས་ གཞུང་གིས་འབད་རུང་ གནས་སྟངས་དེ་ལུ་ བལྟ་དགོཔ་འདུག་ཟེར་ཨིན་པས།
ད་རུང་ ཚོད་བསྲེ་བཙོང་མི་གཞན་ དཔལ་འབྱོར་གྱིས་ སླབ་མིའི་ནང་ ཉིནམ་ས་སྨུག་སྤུབས་པའི་སྐབས་དང་ ཉིནམ་ཤར་བའི་སྐབས་ ཨ་བའི་དྲིམ་ཤུགས་སྦེ་ར་ མནམ་མས་ཟེར་ཨིན་པས།
གཞུང་ལམ་གྱི་ལྟག་ལུ་སྡོད་མི་ ཨའི་ཏ་མ་ཡ་གིས་འབད་བ་ཅིན་ ལམ་གྱི་སྦོ་ལོགས་ཁར་ ཕག་ཅུང་ཟླཝ་མ་ཚངམ་ལས་ཤི་མི་དང་ མངལ་བཤལ་འགྱོ་མི་ ཕག་ཅུང་ཚུ་ བཙུགས་བཞག་ས་ཅིག་ བཟོ་ཡོད་མི་དེ་ལས་ཡང་ བཟོད་མ་ཚུགས་པའི་ དྲིམ་འོངམ་མས་ཟེར་ཨིན་པས།
ལྟེ་བའི་འཛིན་སྐྱོང་པ་ ཆོས་གྲུབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་ཚུ་གིས་ ཕགཔ་གི་ ཨ་བའི་དྲིམ་མནམ་དོ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་དེ་ བདེན་ཟེར་ཨིནམ་ད་ དྲི་ངན་མར་ཕབ་འབད་ནིའི་དོན་ལུ་ ལྟེ་བ་གིས་ ཕགཔ་གསོ་སྐྱོང་ཁང་ཚུ་ ལྕགས་ཤོག་བསྒོར་ནི་གི་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
མ་གཞི་ ཕགཔ་གསོ་སྐྱོང་ཁང་ཚུ་ ལྕགས་ཤོག་བསྒོར་ནི་གི་ལཱ་དེ་ ཁག་འབགཔ་ལུ་ སྤྲོད་ཡོད་རུང་ ཁག་འབགཔ་གིས་ འཐུས་ཤོར་བྱུང་མི་ལུ་བརྟེན་ ཆ་མེད་བཏང་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ ད་ལྟོ་ གཞུང་ལམ་གོང་འོག་༢ ལུ་ གསོ་སྐྱོང་ཁང་༢ ཡོད་མི་ཚུ་ནང་ མེ་རླུང་གེསི་བཟོ་ཁང་རྐྱབ་ནིའི་ ལས་འཆར་ཡོདཔ་ལས་ ཨ་བའི་དྲིམ་དེ་ མར་ཕབ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
ད་རུང་ རླུང་བཀག་ཐབས་ལུ་ ཕགཔ་གསོ་སྐྱོང་གི་ མཐའ་སྐོར་ལུ་ ཤིང་བཙུགས་ནི་ཨིནམ་ད་ ལྕགས་ཤོག་ལག་ལེན་འཐབ་ཐོག་ལས་ གྱང་རྩིག་རྐྱབ་ནི་ཨིནམ་ལས་ དེ་གིས་ དྲིམ་བརྒྱ་ཆ་༦༠ དེ་ཅིག་ གསོ་སྐྱོང་ཁང་ནང་འཁོད་ལུ་ར་ བཞག་ཚུགས་ཟེར་ཨིན་པས།
སྒོ་ནོར་ཐོན་སྐྱེད་འགོ་དཔོན་ བསོད་ནམས་ནོར་བུ་གིས་ སླབ་མིའི་ནང་ གསོ་སྐྱོང་ཁང་ སྤོ་བཤུད་འབད་བ་ཅིན་ ཟད་འགྲོ་ཐེབས་གནས་ནི་ཨིནམ་ལས་ ཨ་བའི་དྲིམ་ མར་ཕབ་འབད་ནིའི་དོན་ལས་ གཙོ་བོ་ར་ མེ་རླུང་གེསི་བཟོ་ཁང་དེ་ར་ཨིན་ཟེར་ཨིན་པས།
ཕགཔ་དང་ ཕག་ཅུང་ཚུ་ གྱང་བསིལ་ལས་ བཀག་ཐབས་ལུ་ ད་རེས་ གློག་མེ་ལག་ལན་འཐབ་དོ་ཡོད་རུང་ མེ་རླུང་གེསི་བཟོ་ཁང་རྐྱབ་ཚར་བའི་བསྒང་ལས་ གེསི་དེ་ ལག་ལེན་འཐབ་ནི་ཨིན་པས།
དྲིམ་མང་ཤོས་ར་ ཕགཔ་ཚུ་ལུ་ ལྟོ་བྱིན་པའི་སྐབས་ མནམ་དོ་ཡོདཔ་ད་ ལམ་གྱི་ལྟག་ལུ་ ཕགཔ་ཟླཝ་མ་ཚང་པར་སྐྱེས་མི་ཚུ་ བཙུགས་བཞག་མི་དེ་ལས་ དྲིམ་མནམ་མི་དེ་ ཁ་ཏོག་སྤུབས་མ་བཞག་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
ལྟེ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕགཔ་ཤི་མི་ཚུ་ དེ་སྦེ་ར་ ས་དོང་ནང་ མ་བཙུགས་པར་ གསར་སྦིས་ཐང་ རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བའི་ནང་ རོ་བརྟག་དཔྱད་འབད་བར་ འབག་སོང་པའི་ཤུལ་ལས་ ལོག་སྟེ་ལྟེ་བའི་ ས་དོང་ནང་ བཙུགས་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲུལ་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ ཅ་ཆས་ཚུ་ ག་ར་བཙུགས་ཚར་ཏེ་ཡོདཔ་ལས་ ད་རེས་ འཕྲུལ་ཆས་དེ་ལུ་ བསྒུག་སྟེ་ཡོད་ཟེར་ཨིནམ་ད་ གནད་དོན་དེའི་སྐོར་ལས་ རྒེད་འོག་ཚོགས་འདུ་ནང་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
ལྟེ་བ་དེ་ནང་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ ཐའི་ལེནཌ་ལས་ རིགས་ལེགས་ཤོམ་འབད་མི་ ཕགཔ་༡༥༠ ནང་འདྲེན་འབད་ཡོདཔ་བཞིན་དུ་ ད་རེས་ ཕག་ཅུང་བརྩིས་ཏེ་ ཕགཔ་༥༠༠ དེ་ཅིག་ཡོདཔ་ད་ ཕགཔ་ཚུ་ཡང་ དམིགས་བསལ་གྱི་ གནམ་གྲུའི་ཐོག་ལས་ འབག་འོང་ཡོདཔ་ཨིན་པས།
ཕགཔ་གི་རིགས་ཚུ་ཡང་ གེ་རེཌ་ གེ་རེནཌ་ པེ་རེནསི་ ཇི་ཇི་པི་ཟེར་མི་དེ་ཨིནམ་ལས་ དེ་གིས་ གེ་རེཌ་ པེ་རེནསི་ ཇི་པིའི་ཕྱུག་གུ་དང་ ཇི་པི་གིས་ པེ་རེནཌ་ ཨིསི་ཊོག་ པི་ཨེསི་དེ་ འཚའ་བའི་ཤུལ་ལས་ རྒྱལ་ཁབ་ཀྱི་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་ནི་ཨིན་པས།
ལོ་བསྟར་བཞིན་དུ་ ཕག་ཤ་ནང་འདྲེན་འབད་ནི་དེ་ ཡར་འཕར་འགྱོ་དོ་ཡོདཔ་ད་ འཆར་གཞི་༡༡ པའི་ནང་ གཞུང་གིས་ ཕག་ཤ་མེ་ཊིག་ཊཱོན་༡,༠༠༠ ཐོན་སྐྱེད་འབད་ནིའི་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཐབས་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ སྤུས་ཚད་ཅན་གྱི་ ཕག་ཤ་ཐོན་སྐྱེད་འབད་ཐོག་ལས་ བཟའ་ཆས་ཉེན་སྲུང་གི་ དཀའ་ངལ་དེ་ཡང་ སེལ་ཚུགས་ནི་ཨིན་པས།
རྩིས་ལོ་༢༠༡༦ ལུ་ འབྲུག་གིས་ ཕག་ཤ་ཀེ་ཇི་༧༢༩,༦༣༩ ཐོན་སྐྱེན་འབད་ཡོད་མི་ལས་ ཀེ་ཇི་༥༦༤,༢༣༨ ཕྱི་ཁར་ བཙོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *